ལོག་ཐོབ་མི་ གསེར་དང་དངུལ་གྱིས་བྲིས་མི་ བརྒྱད་སྟོང་པ། |
བཙོན་ཁྲིམས་ལོ་ངོ་༡༥ རེ་ ཕོག་མི་དེ་ཡང་ སྐྱེས་ལོ་༣༧ དང་༢༨ དེ་ལས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཚུ་ཨིནམ་ད་ ལོ་ངོ་༥ འི་ བཙོན་ཁྲིམས་ཕོག་མི་ཚུ་ སྐྱེས་ལོ་༣༦ དང་༣༩ ལང་མི་ ཕོ་སྐྱེས་ཚུ་ཨིནམ་བཞིན་དུ་ ཁོང་ག་ར་ ཨུ་ལ་གཡུས་ཚན་ནང་ལས་ར་ ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༨ ཀྱི་ནུབ་མོ་ བརྒྱད་སྟོང་པ་ཨར་རྐུན་ཤོར་མི་དེ་ ཉིནམ་ནངས་པ་ར་ ལོག་ཐོབ་པའི་ཤུལ་ལས་ ཨར་རྐུན་དང་འབྲེལ་བ་ཡོད་མི་ ཉེས་ཅན་ཚུ་ ཁྲིམས་སྲུང་འགག་པ་གིས་ ཉིནམ་༢ དང་༣ གྱི་ ནང་འཁོད་ལུ་བཟུང་སྟེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁོང་གི་གྲས་ལས་༣ གྱིས་ ལྷ་ཁང་གི་ སྒོ་སྒྲིག་ནང་ལས་འཛུལ་ཏེ་ བརྒྱད་སྟོང་པ་བཏོན་འབག་མི་དེ་ ཆོམ་རྐུན་དང་ མ་བྱིན་པ་ལེན་པའི་ གནད་དོན་ཐོག་ ཉེས་འཛུགས་༢ བསྡོམས་ཞིནམ་ལས་ བཙོན་ཁྲིམས་ལོ་ངོ་༡༥ རེ་བཀལ་མི་དེ་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ཅ་རྙིང་ཨར་རྐུན་འབད་མི་ཚུ་ བཙོན་ཁྲིམས་ཉུང་ཤོས་ ལོ་ངོ་༡༥ དང་ མཐོ་ཤོས་ཚེ་བཙོན་སྨིན་དགོ་པའི་ ཁྲིམས་ལུགས་དང་འཁྲིལ་ཏེ་ཨིན་པས།
དེ་ལས་ གཞན་མི་༢ པོ་དེ་གིས་ སྒོ་སྒྲིག་སྤོག་སྟེ་ ལྷ་ཁང་ནང་ འཛུལ་མའི་གྲས་ཁར་མེན་རུང་ བརྒྱུད་འཕྲིན་ཐོག་ལས་ གཞན་མི་༣ དང་གཅིག་ཁར་ ཨར་རྐུན་ནང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ དབྱེ་རིམ་༣ པའི་ཉེས་ཁྲིམས་ བཙོན་ཁྲིམས་ལོ་ངོ་༥ སྨིན་དགོཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ ཤོག་གྲངས་༣༢༠ འབད་མི་ བརྒྱད་སྟོང་པ་དེ་ ཐོག་གཅིག་འབད་མི་ ལྷ་ཁང་གི་ སྒོ་སྒྲིག་ནང་ལས་འཛུལ་ཏེ་ བཏོན་འབག་ནུག་ཟེར་ཨིནམ་ད་ ལྷ་ཁང་དེ་ སྤྱི་ལོ་༡༩༣༩ དེ་ཅིག་ལུ་ བཞེངས་ནི་དེ་གིས་ རྙིངམ་ཐལ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ བརྒྱད་སྟོང་པ་དེ་ ལྷ་ཁང་གི་ ཉེ་འདབས་་ལུ་ཡོད་པའི་ ཁྱིམ་ནང་ལས་ ཐོབ་ཅི་ཟེར་ཨིནམ་ད་ དེ་གི་ཧེ་མར་ ཕུན་ཚོགས་གླིང་ལུ་འབག་སྟེ་ བཙོང་ནིའི་དོན་ལུ་ ཐིམ་ཕུ་ལུ་ཡང་ འབག་སོང་ནུག་ཟེར་ཨིན་པས།
གྱལ་ཐེངས་༡༠ འབད་མི་ བརྒྱད་སྟོང་པ་དེ་ གྱལ་ཐེངས་༡ གསེར་གྱིས་བྲིས་ཡོདཔ་ད་ དེའི་འོག་ལས་ དངུལ་གྱིས་བྲིས་མི་ བརྒྱད་སྟོང་པ་དེ་ འཁྲུན་ཆོད་བཏོན་ཏེ་ ཟླཝ་༡ གི་ནང་འཁོད་ལུ་ ལོག་ལྷ་ཁང་ནང་ བཀལ་དགོ་ཟེར་ཨིནམ་ད་ ད་ལྟོ་ བརྒྱད་སྟོང་པ་དེ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ཡོདཔ་ཨིན་པས།
ད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༡༤ ལང་མི་ ན་གཞོན་བུཚ་ཅིག་ལུ་ བཙོན་ཁྲིམས་ལོ་༤ དང་ ཟླཝ་༦ བཀལ་ཡོདཔ་ད་ དེ་ཡང་ ཁོ་གིས་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ དབང་འདུས་ཕོ་བྲང་ སྲས་ཕུ་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་སྲུ་ཅིག་ བརྡུང་རྫོབ་འབད་བའི་ཤུལ་ལས་ ཤི་རྐྱེན་བྱུང་བའི་ གནད་དོན་ཐོག་ལུ་ཨིན་པས།
དེ་ཡང་ ཚེ་འདས་ཀྱིས་ ཉེས་ཅན་གྱི་ཁྱིམ་ནང་འོང་སྟེ་ འཐབམོ་འཚོལ་མི་ལུ་བརྟེན་ ཁོ་གིས་ ཚེ་འདས་ལུ་ རྡོག་ཐལ་དང་མཛོག་ཕོག་ དེ་ལས་ རྟས་ཐག་གིས་བརྡུངས་ཏེ་ ཁོ་གི་ཁྱིམ་འོག་ལས་མར་ མི་ཊར་༥༠ དེ་ཅིག་གི་ ས་ཁར་ འཐེན་བདའ་སྟེ་ བཀོག་བཞག་བའི་ཤུལ་ལས་ ཤི་ཡོདཔ་ཨིན་པས།
མ་གཞི་ ཉེས་ཅན་དེ་ བཙོན་ཁྲིམས་ལོ་༥ སྨིན་དགོཔ་ཨིན་རུང་ སྐྱེས་ལོ་༡༨ འོག་རྒྱུ་འབདཝ་ལས་བརྟེན་ ཉེས་ཁྲིམས་ཕྱེད་ཀ་འབག་དགོ་ནི་ཨིནམ་ད་ ཁྲིམས་ཀྱི་འདུན་སའི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ཉེས་ཅན་གྱི་ ཀུན་སྤྱོད་རྣམ་ཞག་བསྐྱར་གསོ་དང་ ལེགས་བཅོས་འབད་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་ རྩི་མ་གཤམ་ལུ་ བཏང་དགོཔ་སྦེ་ ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment