༉ བུམ་ཐང་ལུ་ གཏམ་ཞིང་དཀོན་མཆོག་གསུམ་ལྷ་ཁང་ མེ་མཆོད་བཞེས་མི་དེ་ ལོག་གསར་བཞེངས་འབད་ནིའི་དོན་ལུ་ ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཤིང་གི་གནང་བ་ ཐོབ་མ་ཚུགས་པར་ཡོདཔ་ལས་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
ཤིང་ཆས་ཀྱི་ གནང་བ་མ་ཐོབ་པར་ ལཱ་ཐོགས་ལུས་མི་ གཏམ་ཞིང་དཀོན་མཆོག་གསུམ་ལྷ་ཁང་གསར་བཞེངས། |
དེ་ཡང་ ལྷ་ཁང་གསར་བཞེངས་ འགོ་བཙུགས་ཏེ་ ཟླཝ་༣ དེ་ཅིག་ ལང་ཡོདཔ་མ་ཚད་ རབ་གསལ་ཚུ་ཡང་ ལྷོང་ཡོདཔ་ཨིན་རུང་ གཞུང་ལས་ ཤིང་གི་གནང་བ་མ་ཐོབ་ལས་བརྟེན་ ས་གནས་ནང་གི་ སྒེར་གྱི་ལས་སྡེ་ཚུ་ལས་ གནས་སྐབས་ཅིག་གི་དོན་ལུ་ མཁོ་མངགས་འབད་དེ་ ལག་ལེན་འཐབ་དགོཔ་ བྱུང་ཡོདཔ་ཨིན་པས།
ལྷ་ཁང་ཉམས་གསོ་འམ་ གསར་བཞེངས་འབད་མིའི་ནང་ ལྟ་རྟོག་འབད་མི་ ཀུན་དགའ་འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ ཤིང་ཆས་བསྡོམས་ སི་ཨེཕི་ཊི་༥,༠༠༠ ལྷགཔ་ཅིག་ ལག་ལེན་འཐབ་ཡོད་རུང་ ལྷ་ཁང་ནང་ ཀ་ཆེན་བསྡོམས་༡༦ དགོ་ནི་ཨིནམ་ལས་ དེ་གི་ལཱ་ཚུ་ ཧེ་མ་ལས་འབད་དགོཔ་ཨིན་རུང་ ཤིང་ཆས་ཀྱི་ གནང་བ་མ་ཐོབ་ལས་ ལཱ་ཐོགས་ཏེ་ ལུས་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཀ་ཆེན་གྱི་ལཱ་ཚུ་ ད་ལྟོ་ལས་ མ་འབད་བ་ཅིན་ རྩིགཔ་ཚུ་རྐྱབ་ཚར་རུང་ བསྒུག་སྟེ་སྡོད་དགོཔ་ འཐོན་ནི་མས་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀ་ཆེན་བཟོ་བའི་སྐབས་ ཤིང་ཆས་ཚུ་ཡང་ ཚ་དྲོད་ཡོད་སའི་རྫོང་ཁག་ མོང་སྒར་ལས་ ལེན་དགོཔ་བྱུང་བའི་ཁར་ པ་ཏྲ་བརྐོ་དགོཔ་ ལེ་ཤ་ཡོདཔ་ལས་ དུས་ཚོད་འགོར་ནི་ཨིན་རུང་ ད་ལྟོ་ ཤིང་གི་གནང་བ་ར་ མ་ཐོབ་ནི་དེ་གིས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ཡོད་ཟེར་ཨིན་པས།
ཀུན་དགའ་འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཤིང་གི་གནང་བའི་དོན་ལུ་ ཟླཝ་༥ གི་ཧེ་མ་ལས་ རྫོང་ཁག་ནང་ ཞུ་ཡིག་བཙུགས་ཏེ་ སྲོལ་འཛིན་ལས་ཁུངས་ནང་ བཙུགས་ཡོད་རུང་ ལས་ཁུངས་ནང་ ཤིང་རྩིས་བཏོན་མི་ བཟོ་རིག་འགོ་དཔོན་ ཕུད་རྡོག་གཅིག་ལས་བརྒལ་མེད་མི་དེ་ཡང་ དབང་འདུས་རྫོང་གསར་བཞེངས་ཀྱི་དོན་ལུ་ སོང་ཡོདཔ་ལས་ ཞུ་ཡིག་དེ་ ལོག་སྟེ་ར་ རྫོང་ཁག་ནང་བཏང་ནུག་ཟེར་ཨིན་པས།
ཨིན་རུང་ ཞུ་ཡིག་དེ་ རྫོང་ཁག་གི་ བཟོ་རིག་སྡེ་ཚན་ནང་ལྷོད་དེ་ ཟླཝ་༡ དེ་ཅིག་ ལང་དོ་ཡོདཔ་ཨིན་རུང་ ལན་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ ཤིང་གི་སྔོན་རྩིས་བཏོན་མི་ བཟོ་རིག་འགོ་དཔོན་འོགམ་དང་གཅིག་ཁར་ ཀུན་གསལ་གྱིས་ དྲི་བཀོད་འབད་ནིའི་དཔའ་བཅམ་རུང་ འབྲེལ་བ་འཐབ་མ་ཚུགས།
ལྷ་ཁང་གསར་བཞེངས་ཀྱི་དོན་ལུ་ ད་ཚུན་ དངུལ་ཀྲམ་འབུམ་༧༠ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ དེ་ཡང་ ལས་མི་༡༣༠ དང་ གླ་ཁར་ལེན་མི་ འཕྲུལ་ཆས་ཚུ་རྩིས་ཏེ་ཨིན་པས།
ད་ལྟོ་ ལྷ་ཁང་ འོག་གི་རབ་གསལ་ཚུ་ ལྷོང་ཚར་ཡོདཔ་ད་ ལྷ་ཁང་གསརཔ་དེ་ ཕྱི་ཁ་ལས་ གསརཔ་སྦེ་མཇལ་དོ་ཡོདཔ་ཨིན་རུང་ ནང་ན་ཡོད་མི་ ལྷ་ཁང་རྙིངམ་དེ་ ཧེ་མ་ག་ཨིནམ་སྦེ་ བཞག་ནི་དང་ སྐུ་རྟེན་ཚུ་ཡང་ དེ་སྦེ་ར་ བཞག་ནི་ཨིན་པའི་ཁར་ ཕྱི་ཁའི་ལྷ་ཁང་དེ་ དགེ་སློང་ཚུ་གི་དོན་ལུ་ ཚོགས་ཁང་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ ཀུན་དགའ་འགྱུར་མེད་ཀྱིས་ སླབ་ཨིན་པས།
ཀུན་དགའ་གིས་འབད་བ་ཅིན་ གཞུང་གིས་ ལྷ་ཁང་གསར་བཞེངས་ཀྱི་དོན་ལུ་ མ་དངུལ་གནང་ནི་གི་ ཁས་བླངས་འབད་དེ་ཡོད་རུང་ ད་ཚུན་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ད་ལྟོ་ ཟད་འགྲོ་བཏང་མི་ཚུ་ག་ར་ གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ གནང་སྟེ་ཡོད་ཟེར་ཨིནམ་ད་ བཟོ་བཀོད་ཚུ་ཡང་ རིན་པོ་ཆེ་ཁོ་ར་གིས་ འཕྲལ་འཕྲལ་སྦེ་ ལྟ་ཞིབ་གནང་སྟེ་ འབད་དོ་ཟེར་ཨིན་པས།
ཤིང་གི་གནང་བ་མེད་པའི་ དཀའ་ངལ་མ་གཏོགས་ རྡོ་ཚུ་ག་ར་ ཉེ་འདབས་ལུ་ཡོད་མི་ གྲྭ་ཚང་གི་ ས་ཁོངས་ནང་ལས་ བཏོན་ནི་དེ་གིས་ སྟབས་བདེ་ཏོག་ཏོ་བྱུང་ཡི་ཟེར་ཨིནམ་ད་ ཨིན་རུང་ ཤིང་ཆས་ཀྱི་གནང་བ་དེ་ འཕྲལ་མགྱོགས་ར་ ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༢༠༡༠ ལུ་ མེ་མཆོད་བཞེས་ཡོདཔ་ད་ གསར་བཞེངས་ཀྱི་དོན་ལུ་ སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ དངུལ་ཀྲམ་ས་ཡ་༡༢ དེ་ཅིག་ གནས་ནི་ཨིན་པའི་གནས་ཚུལ།
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།
No comments:
Post a Comment