གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་མཐུད་སྦྲེལ་ ཚུལ་མཐུན་མེད་མི་ལུ་བརྟེན་ ཁྱིམ་ཚུ་ལུ་མེ་རྐྱེན།

༡༧/༡/༢༠༡༣   ༉ མེ་བསད་ཞབས་ཏོག་སྡེ་ཚན་གྱི་ ཐོ་དེབ་དང་འཁྲིལཝ་ད་ འདས་པའི་ལོ་༥ འི་ནང་འཁོད་ལུ་ སྙན་ཞུ་འབད་ཡོད་པའི་ ཁྱིམ་མེ་རྐྱེན་གྱི་ གནད་དོན་༦༣ དེ་ཅིག་ ཐོ་བཀོད་འབད་ཡོད་མིའི་གྲས་ལས་༡༩ གློག་མེའི་མཐུད་སྦྲེལ་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
ཚུལ་མཐུན་མེད་པའི་ ནང་འཁོད་མཐུད་སྦྲེལ།
ཚུལ་མཐུན་ཅན་གྱི་ ནང་འཁོད་མཐུད་སྦྲེལ་ལམ་ལུགས།


དེ་སྦེ་ གློག་མེའི་མཐུད་སྦྲེལ་ལུ་བརྟེན་པའི་ མེ་རྐྱེན་བྱུང་མི་ཚུ་ཡང་ གློག་ཐག་ཚུ་ གློག་རྒྱུན་མཐུད་སྦྲེལ་གྱི་ ལམ་ལུགས་ལྟར་ ཚུལ་མཐུན་མེད་མི་ལུ་བརྟེན་ བྱུང་དོ་ཡོདཔ་ད་ དེ་ཡང་ གློག་རྒྱུན་གྱི་མཐུད་སྦྲེལ་ཚུ་ ལམ་ལུགས་དང་འཁྲིལ་ཏེ་མེན་པར་ ཐད་ཀར་དུ་ སྦྲེལ་མཐུད་འབད་དེ་ གློག་རྒྱུན་འཐེན་མི་ལུ་བརྟེན་ གློག་ཐག་ཚུ་གིས་ ནུས་ཤུགས་འབག་མ་ཐེག་མི་ལུ་བརྟེན་ མེ་རྐྱེན་བྱུང་དོ་ཡོདཔ་ཨིན་པས།
ཐིམ་ཕུ་གི་ གློག་མེ་ཞབས་ཏོག་སྡེ་ཚན་གྱི་འཛིན་སྐྱོང་པ་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ གློག་རྒྱུན་གྱི་མཐུན་སྦྲེལ་ ཚད་ལྡན་མེད་པའི་གནད་དོན་ཚུ་ མང་ཤོས་ར་ ཁྱིམ་ནང་སྡོད་མི་ཚུ་གིས་ གློག་མེའི་མཐུད་སྦྲེལ་གྱི་ གནས་སྟངས་ལུ་ སྣང་དག་མ་བསྐྱེད་མི་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྡེ་ཚན་གྱི་ ལཱ་འགན་དེ་ ཁྲོམ་སྡེ་ལས་འཛིན་གྱིས་ གནང་བ་དང་བསྟུན་ཏེ་ གློག་མེའི་མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ནི་རྐྱངམ་གཅིག་ཨིན་ཟེར་ཨིནམ་ད་ ཁྱིམ་ཚུ་ནང་ ད་རེས་ནངས་པ་ ལག་ལེན་འཐབ་སྲོལ་ཡོད་མི་ གློག་རྒྱུན་གྱི་ མཐུད་སྦྲེལ་གནས་སྟངས་ལུ་བརྟེན་པའི་ ཉེན་འཚུབ་མར་ཕབ་ཀྱི་འཕྲུལ་ཆས་ ཨེམ་སི་བི་ཟེར་མི་ཚུ་ ཚད་ལྡན་ཐོག་ ལག་ལེན་འཐབ་དགོཔ་གལ་ཆེ་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལྕང་ལམ་ས་ཁོངས་ཀྱི་ ཉེ་འདབས་ལུ་ ལས་མའི་སྡོད་སྒར་ཅིག་ལུ་ མེ་རྐྱེན་བྱུང་མི་དེ་ཡང་ གློག་རྒྱུན་གྱི་མཐུད་སྦྲེལ་ ཚུལ་མཐུན་མེད་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱི་ ཞིབ་དཔྱད་སྡེ་ཚན་གྱིས་ སྡོད་སྒར་དེ་གི་ གློག་མེའི་ནུས་ཤུགས་འཇལ་འཕྲུལ་ནང་ རྐྱེན་ངན་ག་ཅི་ཡང་ མ་བྱུང་པས་ཟེར་ཨིནམ་ད་ ལས་འཛིན་གྱིས་ གློག་མེའི་མཐུད་སྦྲེལ་གྱི་ ཞབས་ཏོག་དེ་ ནུས་ཤུགས་ཚད་མཇལ་འཕྲུལ་ཚུན་ཨིན་པས།
དེ་འབད་ནི་འདི་གིས་ ཚད་མཇལ་འཕྲུལ་ཆས་དེ་ཁར་ལས་ སྡོད་སྒར་ནང་འཁོད་ཀྱི་ གློག་མེའི་སྦྲེལ་མཐུད་ནང་ ཚད་ལྡན་མེད་པའི་གནད་དོན་ལུ་བརྟེན་ མེ་རྐྱེན་བྱུང་ཡོདཔ་སྦེ་ཨིན་པས།
འབྲུག་གནས་ཚད་ལས་ཁང་གི་ གནས་ཚད་གཙོ་འཛིན་འགོ་དཔོན་ ཚེ་དབང་རིན་འཛིན་གྱིས་ སླབ་མིའི་ནང་ གནད་དོན་དེ་ སྒར་དེ་ནང་སྡོད་མི་ཚུ་གི་ འཐུས་ཤོར་དང་ ཡང་ཅིན་ སྒར་དེ་ནང་ གློག་ཐག་ཚུ་ མཐུད་སྦྲེལ་འབད་བྱིན་མི་དེ་ལུ་ ཚད་ལྡན་གྱི་རིག་རྩལ་མེད་པའི་གནད་དོན་དང་ ཡང་ཅིན་ ཁག་འབགཔ་ཚུ་གིས་ གློག་མེའི་ཅ་ཆས་ཚུ་གི་ གནས་ཚད་གཞི་བཀོད་འབད་ཡོད་མི་དང་མ་འཁྲིལ་བའི་ གནས་ཚད་དང་མ་ལྡན་པའི་ཆ་ཅས་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་བཤད་ཅི།
འབྲུག་གནས་ཚད་ལས་ཁང་གིས་ གློག་མེ་དང་ འཐུང་ཆུ་ དེ་ལས་ གཞན་རྩི་ས་དང་ ལྕགས་ཀྱི་རིགས་ཚུ་དང་འབྲེལ་བའི་ ཅ་ཆས་ཚུ་གི་ལག་ལེན་ནང་ ཁྱད་ཚད་ལྡན་པའི་ཐོན་སྐྱེད་ངོ་སྦྱོར་འབད་དེ་ཡོདཔ་ད་ ཚད་ལྡན་གྱི་ ཅ་ཆས་ཚུ་གི་དོན་ལུ་ གནས་ཚད་ལས་ཁང་གི་ ངོ་འསྦྱོར་ཡོད་མི་ཚུ་ ལག་ལེན་འཐབ་དགོཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གནས་ཚད་ལས་ཁང་གིས་ ཉེན་སྲུང་གི་དོན་ལུ་ དགོས་མཁོ་ཡོད་མི་ གློག་མེ་ལ་སོགས་པ་ཚུ་གི་དོན་ལུ་མཁོ་བའི་ ཅ་ཆས་ལ་ལུ་ སྒེར་གྱི་བཟོ་སྐྲུན་ཚུ་ནང་ཡང་ ངེས་པར་དུ་ ལག་ལེན་འཐབ་དགོ་པའི་ སྒྲིག་གཞི་ལམ་ལུགས་བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
ཚོང་ཁང་ཚུ་ནང་ ཉེར་མཁོའི་ཅ་ཆས་ཚུ་ མང་ཤོས་ཅིག་ར་ སྤུས་ཚད་མེད་པའི་ཁར་ ཉེན་སྲུང་གི་ གནས་ཚད་མེད་མི་ཚུ་ འོང་དོ་ཡོདཔ་ལས་ དེ་བཟུམ་མའི་ སྤུས་ཚད་ཀྱི་གནས་ཚད་མེད་མི་ ཅ་ཆས་ཀྱི་རིགས་ཚུ་ འགོ་ཐོག་ལས་ར་ ཕྱི་ཁ་ལས་ ནང་འདྲེན་འཐབ་པའི་སྐབས་ བཀག་ཆ་འབད་ཚུགས་ནི་གི་ འོས་འབབ་ཡོདཔ་ཨིན་པས།
དེ་འབདཝ་ད་ དེ་སྦེ་བཀག་ཆ་འབད་ནིའི་དོན་ལུ་ ཚོང་འབྲེལ་ལས་ཁུངས་དང་ རིག་རྩལ་རྒྱུས་དངོས་ལས་ཁུངས་ འོང་འབབ་དང་ཅ་དམ་ལས་ཁུངས་དང་ འབྲུག་གནས་ཚད་ལས་ཁང་ཚུ་ མཉམ་འབྲེལ་ཐོག་ལཱ་འབད་དགོཔ་ཨིན་རུང་ ད་ཚུན་གྱི་བར་ན་ འབྲེལ་ཡོད་ལས་ཁུངས་ཚུ་གི་བར་ན་ གནད་དོན་དེ་གི་དོན་ལུ་ མཉམ་འབྲེལ་ཅིག་ འགོ་འདྲེན་མ་འཐབ་ཨིན་པས།
ཁྱིམ་ནང་ མཐུད་སྦྲེལ་འབད་ནི་ཁར་ལྷོདཔ་ད་ ཁག་འབགཔ་དང་ མཐུད་སྦྲེལ་འབད་མི་ ལས་མི་དེ་གི་ལག་པར་ མ་བཞག་པར་ ཁྱིམ་གྱི་ཇོ་བདག་རང་གིས་ཡང་ ལུགས་མཐུན་ཚད་ལྡན་ཐོག་ འབད་དོ་ཡོད་མེད་ ལྟ་རྟོག་བཞག་དགོ་ཟེར་ཨིན་པས།
ཁྲོམ་ཁར་ ཅ་ཆས་ཚུ་རིམ་པ་བཞིན་དུ་ གསརཔ་ཐོན་དོ་ཡོདཔ་ལས་ སྤུས་ཚད་ཀྱི་ཐད་ལུ་ ལྟ་རྟོག་འབད་ནི་དང་ མི་མང་ལུ་ གོ་བརྡ་སྤྲོད་ནི་དེ་ ལས་ཁང་ལུ་ དོ་འགྲན་ཅན་ཅིག་སྦེ་ གནས་ཏེ་ཡོད་ཟེར་ཨིན་པས།
མེ་བསད་ཞབས་ཏོག་སྡེ་ཚན་གྱི་གཙོ་འཛིན་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ ཧ་ལམ་ མེ་རྐྱེན་ཀྱི་ སྙན་ཞུ་མང་ཤོས་ར་ ཁྱིམ་གྱི་ཇོ་བདག་ཚུ་གིས་ གློག་མེའི་མཐུད་སྦྲེལ་ཚུ་ དུས་ཐོག་ཉམས་བཅོས་དང་ ལྟ་རྟོག་མེད་པར་བཞག་མི་ལུ་བརྟེན་ བྱུང་དོ་ཡོད་པའི་མངོན་གསལ་བྱུངམ་མས་ཟེར་བཤད་ཅི།
དེ་བཟུམ་མའི་ ཉེན་སྲུང་གི་དོན་ལུ་ ཅ་ཆས་སྤུས་ཚད་ཅན་ཚུ་ ལག་ལེན་འཐབ་ཐོག་ལས་ འཕྲལ་འཕྲལ་སྦེ་ར་ ལེགས་བཅོས་འབད་དེ་ ལྟ་རྟོག་འབད་བཞག་དགོཔ་དེ་ གལ་ཆེཝ་སྦེ་ མཐོང་ཅི་ཟེར་ཨིན་པས།
ཁྱིམ་གྱི་ མེ་རྐྱེན་ཚུ་ མང་ཤོས་ར་ ཐིམ་ཕུ་ལུ་བྱུང་དོ་ཡོདཔ་ད་ ཐིམ་ཕུ་མེ་བསད་ཞབས་ཏོག་སྡེ་ཚན་ནང་ མེ་བསད་མི་༥༣ དང་ མེ་བསད་སྣུམ་འཁོར་༩ དེ་ལས་ ཉེན་སྐྱོབ་སྣུམ་འཁོར་༢ རྩིས་ཏེ་ མེ་བསད་སྣུམ་འཁོར་༡༡ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment