གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ བཟོ་སྐྲུན་གྱི་དོན་ལུ་ ས་ཁོངས་མ་འཐོབ་པའི་དཀའ་ངལ།

༡༧/༡/༢༠༡༣   ༉ ཕུན་ཚོགས་གླིང་གི་ ཤེས་རིག་འགོ་དཔོན་གྱིས་འབད་བ་ཅིན་ དུས་ཅི་གི་ལོ་ནང་ ས་ཆ་ཐོབ་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་བཟོ་སྐྲུན་དེ་ བསྒྱུར་བཅོས་དང་ ཡང་ཅིན་ ཆ་མེད་འགྱོ་འོང་ཟེར་ཨིན་པས།


ལོ་ལྔའི་འཆར་གཞི་༡༡ པའི་ནང་ འབྲིང་རིམ་སློབ་གྲྭ་གོང་མ་ གསརཔ་རྐྱབ་ནིའི་འཆར་གཞི་གི་ གྲོས་འཆར་ཕུལ་ཡོདཔ་བཞིན་དུ་ དྲུང་ཁག་ནང་ སློབ་གྲྭ་གོང་མ་ཅིག་ དགོཔ་ངེས་བདེན་ཨིན་ཟེར་ དྲུང་ཁག་ཤེས་རིག་འགོ་དཔོན་ རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཁྲོམ་སྡེ་དང་ ཤེས་རིག་ལྷན་ཁག་གིས་ ངོས་འཛིན་འབད་དེ་ཡོད་པའི་ས་ཆ་དེ་ ཁྲོམ་ཁར་ཡོད་པའི་ དཱན་ཊག་ གི་རིཕ་གི་ས་ཁོངས་ནང་ཚུད་པའི་ཁར་ གི་རིཕ་གིས་ སྤྱི་ལོ་༡༩༦༠ ལས་ ས་ཆ་དེ་ བདག་དབང་བཟུང་ཡོདཔ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ སྤྱི་ལོ་༢༠༠༩ ལས་ ས་ཆ་ལེན་ནིའི་འབད་བརྩོན་བསྐྱེད་དེ་ཡོདཔ་ཨིན་པས།
ཁོ་གིས་བཤད་མི་དང་འཁྲིལཝ་ད་ འབྲིང་རིམ་སློབ་གྲྭ་གོང་མ་དགོཔ་ ཁག་ཆེཝ་སྦེ་ཡོད་མི་དེ་ཡང་ སློབ་གྲྭ་ལངམ་མེད་མི་ལུ་བརྟེན་ ད་ལྟོ་ཡོད་པའི་སློབ་གྲྭ་ནང་ ཚོང་རིག་དང་ ཚན་རིག་གི་ ཆོས་ཚན་རྐྱངམ་གཅིག་ལས་བརྒལ་ བཞག་མི་ཚུགས་པས་ཟེར་ཨིན་པས།
ནང་རིག་གི་ སློབ་སྦྱོང་འབད་འདོད་ཡོད་མིའི་ སློབ་ཕྲུག་ཚུ་གིས་ སློབ་སྦྱོང་འཕྲོ་མཐུད་འབད་ནིའི་དོན་ལུ་ ཆུ་ཁ་དང་ ཧཱ་རྫོང་ཁག་ནང་ འགྱོ་དགོཔ་ཐོན་མི་དེ་ཡང་ ད་ལྟོའི་སློབ་གྲྭ་ནང་ ནང་རིག་གི་སྡེ་ཚན་ མ་ཤོང་མི་ལུ་བརྟེན་ཏེ་ ཨིན་ཟེར་ རྣམ་རྒྱལ་གྱིས་བཤདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ གྲོས་བསྟུན་ཚུ་ཞིབ་པར་སྦེ་འབད་ཡོད་རུང་ ད་ཚུན་ ངོས་ལན་ལེགས་ཤོམ་ཅིག་བྱུང་མ་ཚུགས་པར་ཡོད་ཟེར་ཨིན་པས།
སློབ་ཕྲུག་གི་ ཕམ་མང་ཤོས་ཅིག་གིས་ ཁོང་གི་ཨ་ལུ་ཚུ་ རྫོང་ཁག་གཞན་ཁར་གཏང་ནི་ལུ་མ་དགའཝ་མ་ཚད་ འདས་པའི་ལོ་ནང་ སློབ་ཕྲུག་ཨ་ལུ་ཚུ་ ན་མི་ལུ་བརྟེན་ ཧཱ་རྫོང་ཁག་ནང་ལས་ ལོག་ཆུ་ཁ་རྫོང་ཁག་ནང་འབག་འོང་དགོཔ་བྱུང་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
ད་ལྟོ་ཡོད་པའི་སློབ་ཁང་ནང་ སློབ་ཕྲུག་ག་ར་ ཤོང་ཚུགས་པའི་འོས་འབབ་རྩ་ལས་མེདཔ་མ་ཚད་ ལོ་བསྟར་བཞིན་དུ་ མི་ལེ་ཤ་ཅིག་གིས་ གནས་སྤོ་འོང་མི་ལུ་བརྟེན་ སློབ་ཕྲུག་གི་གྱངས་ཁ་དེ་ རང་བཞིན་གྱིས་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
གལ་སྲིད་ འབྲིང་རིམ་སློབ་གྲྭ་གོང་མ་དེ་ རྐྱབ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ དེ་གིས་ ལྷན་གྲོགས་འབད་ཚུགས་ནི་ཨིན་མི་དེ་ཡང་ འབྲིང་རིམ་སློབ་གྲྭ་འོག་མ་ལུ་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་དང་ འབྲིང་རིམ་སློབ་གྲྭ་གོང་མ་ནང་ སློབ་རིམ་༧ པ་ལས་སློབ་རིམ་༡༢ པ་ཚུན་བཙུགས་ཏེ་ ཤེས་རིག་གི་སྲིད་བྱུས་དང་འཁྲིལ་འགྱོ་བཏུབ་ནི་མས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་ལས་ ཁྲོམ་ཁར་ཡོད་པའི་ སློབ་གྲྭ་ཚུ་ ཁྲོམ་སྡེ་ལུ་རྩིས་སྤྲོད་འབད་ཡོདཔ་ལས་ ཁྲོམ་སྡེ་གིས་ ས་ཆ་ལེན་ནིའི་དོན་ལུ་ རྩ་འགེངས་དགོཔ་ཡོད་ཟེར་ཨིནམ་ད་ གསུང་གྲོས་ཚུ་ག་དེ་སྦེ་གནང་རུང་ ས་ཆ་དེ་ ད་ལྟོ་ གི་རིཕ་གི་འོག་ལུ་ར་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ འབྲིང་རིམ་སློབ་གྲྭ་བར་མ་༢ དང་ འབྲིང་རིམ་སློབ་གྲྭ་འོག་མ་༣ དེ་ལས་ སློབ་གྲྭ་གོང་མ་ཅིག་ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ས་ཆ་དེ་སྟོངམ་སྦེ་ བཞག་ཞིནམ་ལས་ གི་རིཕ་གིས་ལག་ལེན་འཐབ་ཡོདཔ་ལས་ ས་ཆ་དེ་ལོག་དགོཔ་སྦེ་ སླབ་སྟེ་འབད་རུང་ གི་རིཕ་གིས་ལག་ལེན་འཐབ་ཡོད་མི་ལུ་བརྟེན་ ལོག་ལེན་ནི་ལུ་ལཱ་ཁག་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་འཆར་གཞི་གཙོ་འཛིན་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཆ་དེ་ གཞུང་གི་འབད་རུང་ གི་རིཕ་གིས་ལག་ལེན་འཐབ་ཡོདཔ་ལས་ ལེན་ཐབས་མ་བྱུང་པའི་ཁར་ ང་བཅས་ཀྱིས་ ས་ཚབ་ཡོད་པ་ཅིན་ བྱིན་ནིའི་དཔའ་བཅམ་རུང་ ཁྲོམ་སྡེའི་ནང་ ས་ཆ་སྟོངམ་མེད་མི་ལུ་བརྟེན་ ས་ཚབ་སྤྲོད་ཐབས་མ་བྱུང་ཟེར་ཨིན་པས།
གི་རིཕ་གི་ དམག་སྡེའི་འགོ་དཔོན་ པི་ས་ཏིཤ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡོད་པའི་ས་ཆ་སྤྲོད་ནི་དེ་ ལཱ་ཁག་འོང་ཟེར་སླབ་མི་དེ་ཡང་ ས་ཆ་དེ་ཆུང་ཀུ་ཅིག་ལས་ མེད་པའི་ཁར་ དེ་ཚུ་ འཁོར་ལམ་གྱི་ཅ་ཆས་ཚུ་བཞག་ཡོད་ཟེར་ཨིན་པས།
ཅ་ཆས་ཚུ་ཡང་ ཐིམ་ཕུ་ སྤ་རོ་ ཆུ་ཁའི་ འཁོར་ལམ་གྱི་དོན་ལུ་ ཅ་ཆས་ཚུ་བཞག་སྟེ་ཡོདཔ་ད་ ད་ལྟོ་ཡོད་པའི་ས་ཆ་དེ་ཡང་ ང་བཅས་ལུ་ཆུང་དྲགས་སྦེ་ཡོད་ཟེར་ཨིན་པས།
གལ་སྲིད་ ཁྲོམ་སྡེ་གིས་ ས་ཚབ་བྱིན་ཏེ་འབད་རུང་ གི་རིཕ་གིས་ ས་ཚབ་དེ་ ལེན་ཚུགས་པར་ལཱ་ཁག་རྐྱབ་ནི་ཨིན་མི་དེ་ཡང་ སྡོད་གནས་ལས་ཐག་རིང་བའི་ས་གནས་ཁར་ ཅ་ཆས་ཚུ་བཞག་ཐབས་མེད་ཟེར་ཨིན་པས།
ས་ཆ་དེ་གི་དོན་ལུ་ ཆེ་རིམ་ཅན་གྱི་གནས་རིམ་ནང་ གསུང་གྲོས་གནང་དགོཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment