བུམ་ཐང་ ལྕམ་མཁར་ཁྲོམ་གྱི་ ཉེ་འདབས་ཨ་རིང་ཚུ་ནང་ཆགས་མི་ ཁྲུང་ཁྲུང་གཉིས། |
གནད་དོན་དེ་གི་སྐོར་ལས་ དབང་ཕྱུག་བརྒྱ་འཁོར་གླིང་ཀ་གི་ ནགས་ཚལ་གླིང་སྐྱོང་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ཚུན་ གླིང་ཀ་གིས་ཡང་ གནས་སྡུད་བཟོ་བཟོཝ་མེདཔ་ལས་ ག་དེམ་ཅིག་འོང་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ གནས་སྡུད་བཞག་ནི་གི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་རུང་ དུས་ཚོད་འགོར་ནི་མས་ཟེར་ཨིནམ་ད་ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ནང་འབད་བ་ཅིན་ མཁར་ས་དང་ འགྲམ་འཕེལ་ དེ་ལས་ སྟང་རྒེད་འོག་ནང་ འཁང་རབ་ཀྱི་ས་གནས་ དེ་བཟུམ་སྦེ་ ལྕམ་མཁར་ཁྲོམ་གྱི་ཉེ་འདབས་ལུ་ཡོད་མི་ ཨ་རིང་ཚུ་ནང་ མཐོང་དོ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ མཁར་ས་ལུ་ ཁྲུང་ཁྲུང་༤ ལྷོད་ཡོདཔ་ད་ ཁ་ཙ་ ལྕམ་མཁར་ཁྲོམ་གྱི་ཉེ་འདབས་ལུ་ཡོད་མིའི་ ཨ་རིང་ནང་ཡང་ ཁྲུང་ཁྲུང་གཉིས་ལྷོད་ཡོདཔ་ད་ ས་གནས་དེ་ནང་ འདས་པའི་བདུན་ཕྲག་ནང་ཡང་ ཁྲུང་ཁྲུང་༢ ལྷོད་རུང་ རོ་ཁྱི་དང་ མི་སྐད་གོ་བའི་བསྒང་ལས་ ལོག་སོང་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྡུད་བཟོ་ཚར་བའི་ཤུལ་ལས་ རྫོང་ཁག་ནང་ ས་ཁོངས་ངོས་འཛིན་འབད་དེ་ བདག་འཛིན་འཐབ་ནིའི་ འཆར་གཞི་ཡང་འདུག་ཟེར་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ཁ་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ཁར་སྡོད་མི་ བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲུང་ཁྲུང་སྐེ་ནག་ཚུ་ ཧེ་མ་ལས་ར་ མ་ཆད་པར་འོང་ནི་ཡོདཔ་ཨིན་རུང་ དབང་འཛིན་ག་གིས་ཡང་ ག་ནི་ཡང་ འབད་སའི་ལམ་མ་མཐོང་ཟེར་ཨིན་པས།
བུམ་ཐང་ལུ་ ཁྲུང་ཁྲུང་གི་གྱངས་ཁ་ མངམ་སྦེ་མཐོང་པའི་ལོ་རྒྱུས་མེད་རུང་ ཁ་ཙ་ གཉིས་འོང་མི་དེ་མཐོངམ་ད་ ས་གནས་ནང་གི་ ཨ་ལུ་བཅུ་ཐམ་དེ་ཅིག་ལུ་ སྤྲོ་བ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༡༢ ལང་མི་ གྲུ་བ་གིས་ ཁོ་གིས་ བྱ་ཁྲུང་ཁྲུང་གི་སྐོར་ལས་ སློབ་གྲྭའི་ནང་ ལོ་རྒྱུས་དང་པར་མཐོང་ཡོདཔ་ཨིན་རུང་ ངོ་མ་སྦེ་ ཁ་ཙ་མཐོང་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ བྱ་འདི་ངོ་མ་སྦེ་མཐོངམ་ད་ སྦོམ་ཚད་དེ་ཅིག་འོང་ནི་གི་ མནོ་བསམ་མ་བཏང་ཟེར་ཨིནམ་ད་ ཁྲུང་ཁྲུང་མཐོང་སྟེ་ དུས་ཡུན་སྐར་མ་༡༠ དེ་ཅིག་གི་རྒྱབ་ལས་ མི་སྐད་གོ་སྟེ་ འཕུར་འགྱོ་ནི་དེ་གིས་ གྲུ་བ་གིས་ ཕོ་དང་མོ་ག་ཨིན་ན་ཡང་ ཤེས་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།
No comments:
Post a Comment