དཔག་བསམ་ཁ་བཟོ་གྲྭའི་ས་ཁོངས། |
སི་སི་ཊི་བི་པར་ཆས་ཚུ་ ཟླ་ངོ་༢ དེ་ཅིག་གི་ ཧེ་མ་ལས་ ས་གནས་ཁག་ཚུ་ནང་ བཙུགས་ཡོདཔ་ད་ པར་ཆས་ཚུ་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལས་ བཙོག་རླུང་བཀག་ཐབས་ཀྱི་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ ལཱ་འབད་དོ་ཡོད་མེད་ ལྟ་རྟོག་འབད་ནི་ཨིན་པས།
ལྟ་རྟོག་སྡེ་ཚན་གྱི་ གཙོ་འཛིན་འགོ་དཔོན་ འཕྲིལ་ལས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལས་ཐོན་མི་ བཙོག་རླུང་ཚུ་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཉེན་ཁ་ཅན་ཅིག་ཨིནམ་ལས་བརྟེན་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་དགོ་མི་དེ་ར་ འཕྲུལ་ཁང་ཚུ་ནང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ བཙོག་རླུང་བཀག་ཐབས་འཕྲུལ་ཆས་ ལག་ལེན་འཐབ་མ་འཐབ་ བལྟ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ བཟོ་གྲྭ་འཕྲུལ་ཁང་ མང་ཤོས་ཅིག་གིས་ བཙོག་རླུང་བཀག་ཐབས་འཕྲུལ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ རེ་གཉིས་ཀྱིས་ ལག་ལེན་མ་འཐབ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཉིན་མའི་དུས་ཚོད་ལུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལས་ཐོན་མི་ དུ་པ་ཚུ་ མིག་ཏོ་གིས་ མཐོང་ཚུགས་མི་ལུ་བརྟེན་ བཙོག་རླུང་བཀག་ཐབས་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ ནུབ་མོའི་དུས་ཚོད་ལུ་ མིག་ཏོ་གིས་ མ་མཐོངམ་ལས་ བཙོག་རླུང་བཀག་ཐབས་འཕྲུལ་ཆས་ཚུ་ ལག་ལེན་མ་འཐབ་པར་ ལཱ་འབད་མི་ཐོན་དོ་ཡོདཔ་ཨིན་པས།
འབྲུག་གི་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལས་ཐོན་མི་ ཕྱགས་སྙིགས་ཚུ་ བདག་འཛིན་མ་འཐབ་འདྲཝ་ཅིག་འབད་བ་ཅིན་ འགོ་དང་པ་ ཉེས་ཆད་དངུལ་ཀྲམ་༥,༠༠༠ ལས་༥༠,༠༠༠ བཀལ་ནི་ཨིནམ་ད་ ད་རུང་ ཉན་མ་བཏུབ་པ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ འཕྲུལ་ཁང་གི་ ཆོག་ཐམ་བཀག་བཞག་ནི་དང་ ཡང་ཅིན་ རྟོགས་མེད་ཐོག་ལས་ འཕྱོག་བཞག་ནི་འོང་ཟེར་ གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡོད་མི་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་དེ་ཡོད་རུང་ བདུན་ཕྲག་གཉིས་ཀྱི་བར་ན་ མི་༢ དེ་ཅིག་ ལྟ་རྟོག་འབད་བར་ འགྱོ་དགོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ མ་དངུལ་གྱིས་ ལང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཨའི་པི་དང་འབྲེལ་བའི་ སི་སི་ཊི་བི་པར་ཆས་ཚུ་ བཙུགས་པའི་བསྒང་ལས་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ཐོག་ལས་ ཐིམ་ལུ་ལས་ཡང་ ལྟ་རྟོག་འབད་བཏུབ་ཟེར་ཨིན་པས།
ད་ལྟོ་ གཞི་བཙུགས་འབད་དེ་ཡོད་མི་ སི་སི་ཊི་བི་པར་ཆས་ཚུ་གིས་ ཟླཝ་༢ དེ་ཅིག་གི་རིང་ ལྟ་རྟོག་འབད་མི་ཚུ་ག་ར་ བསྡུ་སྒྲུབ་འབད་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ འཕྲུལ་རིག་འགོ་དཔོན་ཚུ་གིས་ ལག་ལེན་འཐབ་ཐོག་ལས་ བལྟ་ནི་ཟེར་ཨིན་པས།
ལྟ་རྟོག་སྡེ་ཚན་གྱི་ གཙོ་འཛིན་འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ད་ལྟོ་ ས་གནས་ནང་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་མི་ཚུ་གིས་ རྐྱངམ་གཅིག་མིན་པར་ ས་གནས་ནང་སྡོད་མི་ མི་སེར་ཚུ་གིས་ཡང་ ག་དེམ་ཅིག་སྦེ་ བཟོ་གྲྭ་འཕྲུལ་ཁང་ཚུ་ལས་ཐོན་མི་ བཙོག་རླུང་ཚུ་ལུ་བརྟེན་པའི་ གནོད་པ་བྱུངམ་མས་ཟེར་ ཉོགས་བཤད་བཀོད་པ་ཅིན་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཐད་ཀར་དུ་ ལྟ་རྟོག་འབད་མི་ཚུ་ བཏང་དོ་ཟེར་ཨིན་པས།
དེ་མ་ཚད་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཉོགས་བཤད་ག་ཅི་ར་ བཀོད་ནི་ཡོད་རུང་ སྤྱོད་ཁྲལ་དགོངས་ཡངས་འབད་མི་ ཨང་གྲངས་༡༤༩ ནང་ འབྲེལ་བ་འཐབ་གནང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment