གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ ཐོ་བཀོད་ལག་ཁྱེར་སྤྲོད་ཡོདཔ།

༤/༡/༢༠༡༣  ༉ ཁ་ཙ་ སྲིད་ཚོགས་གསར་པའི་ ཐོ་བཀོད་གྲུབ་མི་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ བཙག་འཐུ་ལྷན་ཚོགས་ལས་ ཐོ་བཀོད་ཅན་གྱི་སྲིད་ཚོགས་༣ པ་སྦེ་ ངོས་འཛིན་ཐོག་ ཐོ་བཀོད་ལག་ཁྱེར་སྤྲོད་ཡོདཔ་ད་ དང་འདོད་ཅན་གྱི་ སྲིད་ཚོགས་ཚུ་གི་གྲས་ལས་ ལུགས་མཐུན་གྱི་ སྲིད་ཚོགས་དང་པ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ གནས་སྐབས་ཁྲི་འཛིན་ བསོད་ནམས་སྟོབས་རྒྱས་ལུ་ ཚོགས་པའི་ཐོ་བཀོད་ལག་ཁྱེར་ སྤྲོད་པའི་བསྒང་།


ཐོ་བཀོད་ལག་ཁྱེར་སྤྲོདཔ་དང་འབྲེལ་ འབྲུག་གི་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཐོ་བཀོད་གྲུབ་དང་འབྲེལ་ འགན་འཁྲི་འབག་དགོཔ་ ལེ་ཤ་ཡོདཔ་ལས་ ཐོ་བཀོད་ཅན་གྱི་སྲིད་ཚོགས་ཚུ་གིས་ གཞུང་སྐྱོང་དང་ལྡོག་ཕྱོགས་ཀྱི་ ས་གོ་ནང་ ལྷོད་རུང་མ་ལྷོད་རུང་ རྩ་བ་གསུམ་ལུ་དམིགས་པའི་འགན་འཁྲི་དེ་ ཧྲིལ་བུམ་འབག་སྟེ་ སྡོད་དགོ་ཟེར་ཨིན་པས།
སྲིད་ཚོགས་དེ་གི་ གནས་སྐབས་ཁྲི་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་གཞན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་དང་འདྲ་མཉམ་གྱི་ ཁྱད་དབང་ལག་ལེན་གྱི་ གོ་སྐབས་ཚུ་ཡང་ ད་རེས་ སྲིད་ཚོགས་དེ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་དེ་གིས་ ཁྲིམས་མཐུན་གྱི་ ཆ་འཇོག་གྲུབ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ བཙག་འཐུ་ལྷན་ཚོགས་ལུ་ གསལ་ཞུ་འབད་མིའི་ནང་ ཚོགས་པ་དེ་གིས་ བཙག་འཐུའི་ཁྲིམས་དང་མཐུན་པའི་ཐོག་ལུ་ ཁྲིམས་འགལ་མེདཔ་སྦེ་ བྱ་སྒོའི་རིམ་པ་ཚུ་ དྭངས་གསལ་ཐོག་ལས་འབད་ནི་གི་ ཁས་བླངས་ཡང་འབད་ཡི།

ཚོགས་པའི་གོང་འཕེལ་འཆར་གཞི།
བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཁྲིམས་མཐུན་སྲིད་ཚོགས་ཀྱི་ ཆ་འཇོག་གྲུབ་དང་བསྟུན་ ད་ལས་ཕར་ ཚོགས་པ་གིས་ མི་སྡེའི་ཞབས་ཏོག་འགྲུབ་ཐབས་ལུ་ སྲིད་ཚོགས་ཀྱི་ མཐུན་མོང་མ་ཡིན་པའི་ ཡན་ལག་ལྔ་ལྡན་གྱི་འཆར་གཞིའི་ ལས་རིམ་ལུ་ གཞི་བཞག་སྟེ་ འབད་འོང་ཟེར་ཨིན་པས།
དེ་ཡང་ ཚོགས་པའི་ལས་རྟགས་གུ་ཡོད་པའི་ ཚོས་གཞི་ལྗང་ཁུ་སྦེ་ སྒོར་སྒོརམ་ཡོད་མི་དེ་ ཚོགས་པ་གིས་ རང་བཞིན་གནས་སྟངས་ཉམས་སྲུང་དང་ལྡན་པའི་ གོང་འཕེལ་ལག་ལེན་གྱི་ བརྡ་མཚོན་སྟོནམ་ཨིནམ་ད་ དམིགས་དོན་དེ་འགྲུབ་ཐབས་ལུ་ གོང་འཕེལ་གྱི་ལས་རིམ་ ག་ཅི་ར་འབད་རུང་ ཡུན་བརྟན་འཛིན་སྐྱོང་དང་ ཐོན་སྐྱེད་འདྲ་མཉམ་སྤེལ་ཐབས་ཀྱི་ ལམ་ལུགས་ཐོག་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་མ་ཚད་ གོང་འཕེལ་ཅན་གྱི་ འཕྲུལ་རིག་ལག་ལེན་དང་ ཐོན་སྐྱེད་གོང་འཕེལ་ལམ་ལུགས་ཚུ་གི་ ལག་ལེན་ངོ་སྤྲོད་ཐོག་ལས་ ཕྱིར་བཙོང་གོང་འཕེལ་དང་ ཐོན་སྐྱེད་ཚུ་ རིན་ཐང་ཅན་བཟོ་ནི་ཚུ་ཡང་ ལས་རིམ་དེ་ནང་ གཅིག་སྒྲིལ་ཐོག་ལས་ ལག་ལེན་འཐབ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་རྟགས་ནང་ ཚོས་གཞི་རྒྱ་སྨུག་སྦེ་ སྒོར་སྒོརམ་ཡོད་མི་དེ་ ལུང་ཕྱོགས་ཚུ་ནང་ འདྲ་མཉམ་ཐོག་ལས་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ དམིགས་དོན་གྱི་ བརྡ་མཚོན་ཨིནམ་ད་ ཚོགས་པ་གིས་ ག་ཅིའི་ཐད་ལས་འབད་རུང་ གོང་འཕེལ་གྱི་གོ་སྐབས་ཚུ་ འདྲ་མཉམ་སྦེ་ར་ ཡར་སེང་གཏང་ནི་ཟེར་ཨིནམ་ད་ དེ་ཡང་ མི་ཆེ་འབྲིང་ཆུང་གསུམ་ག་ར་ གོང་འཕེལ་གྱི་ལས་རིམ་ཚུ་ནང་ གོ་སྐབས་འདྲ་མཉམ་བཟོ་ནི་དེ་ ཨིན་ཟེར་བཤད་ཅི།
སྲིད་ཚོགས་ལས་རྟགས་ནང་ ཚོས་གཞི་སེརཔོ་ སྒོར་སྒོརམ་ཅིག་ཡོད་མི་དེ་གིས་ ལམ་སྲོལ་ལུ་ གཙོ་རིམ་ཡོད་པའི་ བརྡ་མཚོན་ཨིནམ་ད་ ཚོགས་པ་གིས་འབད་བ་ཅིན་ ལམ་དང་ལུགས་སྲོལ་དེ་ ནང་གི་ཀུན་སློང་དང་ ཕྱིའི་ཀུན་སྤྱོད་ མནོ་བསམ་གཏང་ཐངས་ཚུ་དང་འབྲེལ་བའི་ ལམ་སྲོལ་ཅིག་ཨིནམ་ལས་ ལམ་སྲོལ་བཟང་པོ་ཚུ་ གོང་འཕེལ་གྱི་འཆར་བཀོད་ཚུ་ནང་ ལག་ལེན་འཐབ་ནི་དེ་ ཚོགས་པའི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
མཇུག་ར་ ཚོགས་པའི་ལས་རྟགས་ནང་ སྦུག་གི་སྒོར་སྒོརམ་ཧོནམོ་དེ་ གཞུང་སྐྱོང་ལེགས་ལྡན་གྱི་ བརྡ་མཚོན་ཨིནམ་ད་ ཚོགས་པ་དེ་གི་རིང་ལུགས་ནང་ མི་སྡེ་གོང་འཕེལ་གྱི་དོན་ལུ་ གཞུང་སྐྱོང་ལེགས་ལྡན་དེ་ གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།
གཞུང་སྐྱོང་ལེགས་ལྡན་གྱི་ ལས་རིམ་ནང་ མི་སྡེའི་ཞབས་ཏོག་ཁྱད་འཕགས་ཐོག་ལས་ མི་སྡེའི་གནས་རིམ་ཚུ་ནང་ གསར་གཏོད་ཀྱི་གོ་སྐབས་བཟོ་ནིའི་དོན་ལུ་ འཆར་གཞི་ལས་རིམ་ཚུ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
དེ་བཟུམ་མའི་ དམིགས་དོན་ཚུ་འགྲུབ་ཐབས་ལུ་ ཚོགས་པ་དེ་གིས་ དང་པ་ར་ འདེམས་ངོ་༤༧ ཚང་དགོཔ་ཡོད་རུང་ ད་ལྟོ་འདེམས་ངོ་༤༧ ཚང་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ཨིན་རུང་ འདས་པའི་གནས་ཚུལ་གསར་བཏོན་ནང་ འདེམས་ངོ་༢༩ གཏན་འཁེལ་བཟོ་མི་དང་ཕྱདཔ་ད་ འདེམས་ངོའི་གྱངས་ཁ་དེ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ད་རུང་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ ནང་ལས་ ཚོགས་པའི་རྒྱབ་སྐྱོར་བ་དང་ འཐུས་མི་ཚུ་ ཚང་དགོ་པའི་ཁར་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ འཚོགས་དགོཔ་ཡོདཔ་མ་ཚད་ རྫོང་ཁག་༢༠ ནང་གི་ ཚོགས་པའི་ཡིག་ཚང་དང་ ངོ་ཚབ་ཚུ་གི་ ལྕོགས་གྲུབ་ཡར་སེང་གཏང་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment