༉ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ སོ་ནམ་བསྐྱིན་འགྲུལ་གྱི་སྐྱེད་ བརྒྱ་ཆ་༡༣ སྦེ་ བྱིན་མི་དེ་ལུ་ གཞུང་གི་ཁ་ཐུག་ལས་ མར་ཕབ་འབད་ནི་ལུ་ བལྟ་དགོཔ་འདུག་ཟེར་ བཀྲིས་སྒང་གི་ མི་སེར་སོ་ནམ་པ་ཚུ་གིས་ སླབ་དོ་ཡོདཔ་ཨིན་པས།
སོ་ནམ་པ་ཨམ་སྲུ་ཅིག་ ཨེ་མ་སྐམ་པའི་བསྒང་། |
སོ་ནམ་བསྐྱིན་འགྲུལ་གྱི་ བརྒྱ་ཆ་མཐོ་དྲགས་པའི་བསྒང་ལས་ མི་སེར་སོ་ནམ་པ་ ཉམ་ཆུང་ཚུ་ལུ་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཨིན་པས།
བསམ་མཁར་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་ལས་ བསྐྱིན་འགྲུལ་ལེནམ་ད་ སྐྱེད་མཐོ་དྲགས་ནི་དེ་གིས་ མི་སེར་ཚུ་ བསྐྱིན་འགྲུལ་ལེན་ནི་ལུ་ཡང་ འདྲོག་བྱེལ་འཐབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་བསྐྱིན་འགྲུལ་ཟེར་བའི་བསྒང་ལས་ མི་སེར་སོ་ནམ་པ་ཚུ་གི་ མཐའ་དོན་ལུ་ཨིནམ་ལས་ སྐྱེད་ཚད་དེ་ མར་ཕབ་རྐྱབ་སྟེ་ བྱིན་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
བཀྲིས་སྒང་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ བཀྲིས་སྒང་གི་ རྒེད་འོག་༡༡ ནང་ལས་ བསྐྱིན་འགྲུལ་ལེན་མི་ བརྒྱ་ཆ་༤༢ ལས་ མིན་འདུག་ཟེར་ཨིན་པས།
ད་ཚུན་གྱི་རིང་ རྒེད་འོག་༡༡ ནང་ ཁྱིམ་གུང་པ་༥,༨༠༠ ཡོད་མིའི་ནང་ལས་ སོ་ནམ་བསྐྱིན་འགྲུལ་དེ་ ཁྱིམ་གུང་༢,༤༤༧ གྱིས་ ལེན་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་དེ་ སྤྱི་ལོ་༡༩༨༨ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ མཐའ་ཟུར་གཡུས་ཚན་ཚུ་གི་དོན་ལུ་ བསྐྱིན་འགྲུལ་ལས་རིམ་ ཁག་༣ རྐྱངམ་གཅིག་ བྱིན་དོ་ཡོདཔ་ཨིན་པས།
དངུལ་ཁང་དེ་གིས་ སོ་ནམ་གྱི་མཁོ་ཆས་ སོན་དང་ ལུད་ དེ་ལས་ སྒོ་ནོར་གོང་འཕེལ་གཏང་ནིའི་ བསྐྱིན་འགྲུལ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ འབྲུག་གོང་འཕེལ་དངུལ་ཁང་གི་ སོ་ནམ་བསྐྱིན་འགྲུལ་དེ་ གཞན་མི་ ཚོང་འབྲེལ་བསྐྱིན་འགྲུལ་གྱི་ སྐྱེད་ཚད་ལས་ མཐོ་དྲགས་སྦེ་ བྱིན་དོ་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ སོ་ནམ་བསྐྱིན་འགྲུལ་ ད་ལྟོ་ཡོད་མིའི་ སྐྱེད་ཚད་བརྒྱ་ཆ་ལས་༡༣ སྤྲོད་དགོཔ་ལས་ འབྲུག་དངུལ་ཁང་ནང་ལས་འབད་བ་ཅིན་ ཚོང་འབྲེལ་དང་ བཟོ་སྐྲུན་ དེ་ལས་ སྣུམ་འཁོར་གྱི་ བསྐྱིན་འགྲུལ་ཚུ་ཡང་ བརྒྱ་ཆ་༡༢ སྦེ་ བྱིན་དོ་ཡོདཔ་ཨིན་པས།
མ་གཞི་ འབྲུག་གི་དངུལ་ཁང་གིས་ སོ་ནམ་བསྐྱིན་འགྲུལ་དེ་ བརྒྱ་ཆ་༡༡.༧༣ ལས་༡༢.༢༣ སྦེ་ བྱིན་དོ་ཡོདཔ་ཨིན་རུང་ ལོ་༡ ལས་༧ གྱི་བར་ན་རྐྱངམ་གཅིག་ བྱིན་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ མི་སེར་སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ བསྐྱིན་འགྲུལ་སྐྱེད་ཚད་དེ་ མར་ཕབ་འབད་ཐབས་ཅིག་ ཡོད་པ་ཅིན་ཟེར་བའི་ ཞུ་བ་འབད་དོ་ཡོདཔ་ཨིན་པས།
བུ་ན་ལས་ སོ་ནམ་པ་ དཀོན་མཆོག་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱིས་ སོ་ནམ་གྱི་བསྐྱིན་འགྲུལ་དེ་ གཙོ་བོ་ འོང་འབབ་ཆུང་བའི་ མཐའ་ཟུར་གཡུས་ཚན་ཚུ་གི་དོན་ལུ་ གཞི་བཞག་སྟེ་ བྱིན་དོ་ཡོདཔ་ལས་ སྐྱེད་ཚད་དེ་ མར་ཕབ་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་བསྐྱིན་འགྲུལ་དེ་ མང་ཤོས་ར་ སོ་ནམ་པ་ཉམ་ཆུང་ཚུ་གིས་ ལེན་དོ་ཡོདཔ་ཨིན་ཟེར་ སླབ་ཨིན་པས།
སོ་ནམ་པ་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ སོ་ནམ་བསྐྱིན་འགྲུལ་དེ་ མི་སེར་ཉམ་ཆུང་ཚུ་ལུ་དམིགས་ཏེ་ སྐྱེད་ཚད་ཆུང་བའི་ཐོག་ལས་ བྱིན་དོ་ཡོདཔ་འོང་ཟེར་ མནོཝ་མ་གཏོགས་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྐྱེད་བརྒྱ་ཆ་༡༣ རེ་ ལེན་དོ་ཡོདཔ་ཨིནམ་ ཤེས་ར་མ་ཤེས་ཟེར་ སླབ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ ཡན་ལག་འཛིན་སྐྱོང་པ་ ཡོན་ཏན་གྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ འཕྲལ་ཁམས་གཅིག་ཁར་ ཨོམ་གྱི་ཐོན་སྐྱེད་སྡེ་ཚན་ཚུ་དང་ གྲོས་བསྡུར་འབད་བའི་སྐབས་ སོ་ནམ་གྱི་ བསྐྱིན་འགྲུལ་སྐྱེད་ཚད་ མར་ཕབ་འབད་དགོ་པའི་སྐོར་ལས་ ཞུ་བ་འབདཝ་མས་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་༡༡ ནང་ ལས་བྱེདཔ་ཚུ་ གཞི་བཙུགས་འབད་དེ་ ཡིག་ཚང་འཛིན་སྐྱོང་འཐབ་དགོ་མི་ལུ་བརྟེན་ ད་ལྟོའི་ སྐྱེད་ཚད་དེ་ མར་ཕབ་རྐྱབ་མི་ཚུགས་དོ་འོང་ཟེར་ཨིན་པས།
དེ་ཡང་ རྒེད་འོག་ཚུ་ནང་ དཔེ་འབད་བ་ཅིན་ ཏི་རུ་བཏོན་ནི་དང་ སྤྲོད་ནི་ ཞུ་ཡིག་གསརཔ་བཟོ་ནིའི་ ཞབས་ཏོག་ལཱ་ཚུ་ སྤྲོད་དེ་ཡོད་ཟེར་ཨིན་པས།
རྒེད་འོག་ཡིག་ཚང་ཚུ་ནང་ ལས་བྱེདཔ་ཚུ་བཙུགས་དགོ་མི་དེ་ཡང་ མི་སེར་སོ་ནམ་པ་ཚུ་ བསྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་བཏང་སྟེ་ ཡིག་ཚང་ལྟེ་བ་ནང་ འགྱོ་མ་དགོ་པའི་ ཆ་རོགས་འབད་ཐབས་ལུ་ཨིན་ཟེར་ འཛིན་སྐྱོང་འགོ་དཔོན་ ཡོན་ཏན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment