གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྟོབས་གོང་འཕེལ་བསླབ་སྟོན་དཔེ་དེབ་ གསར་བཏོན་འབད་ཡོདཔ།

༤/༡/༢༠༡༣   ༉ ལཱ་གཡོག་ལྷན་ཁག་གི་ ལས་གཡོག་དང་ མི་སྟོབས་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ འགོ་དང་པ་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་གཏང་ནིའི་དོན་ལུ་ བསླབ་སྟོན་དཔེ་དེབ་ཅིག་ ཁ་ཙ་ གསར་བཏོན་འབད་ཡོད་མི་དེ་གིས་ སྤྱིར་བཏང་ མི་སྟོབས་མ་ལང་པའི་ དཀའ་ངལ་བསལ་ནི་ལུ་ ཕན་ཐབས་འབྱུང་ཚུགས་ནི་ཨིན་པས།


དེ་ཡང་ ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་བསླབ་སྟོན་དཔེ་དེབ་ གསར་བཏོན་འབད་མི་དང་འབྲེལ་ དཔེ་དེབ་གསར་བཏོན་འབད་དགོ་པའི་ དམིགས་ཡུལ་དང་ དགོས་པ་ དེ་ལས་ རྒྱལ་ཁབ་ཀྱི་ མི་སྟོབས་ རང་མགོ་རང་འདྲོང་བཟོ་ཚུགས་ནི་དང་ དཔལ་འབྱོར་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཕན་རླབས་ཡོད་ཟེར་ཨིན་པས།
བློན་པོ་གིས་ གསུངས་མིའི་ནང་ ལོ་༢ ཀྱི་ཧེ་མར་ རྒྱལ་ཁབ་ནང་ མི་སྟོབས་གོང་འཕེལ་གཏང་ནིའི་སྲིད་བྱུས་དང་ གཞི་རྟེན་ ལས་རིམ་ དེ་ལ་ འཆར་གཞི་ཚུ་བརྩམ་བརྩམས་མེདཔ་ཨིན་རུང་ སྤྱི་ལོ་༢༠༡༠ ལོ་ནང་ འགོ་ཐོག་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྱི་ སྲིད་བྱུས་གསར་བཏོན་འབད་ཡི་ཟེར་ཨིན་པས།
མི་སྡེའི་ནང་ ཤེས་བྱ་ཅན་གྱི་ མིའི་རང་གཤིས་དང་ སྤྱོད་ལམ་གོང་འཕེལ་གཏང་ནི་ལུ་ གཙོ་བོ་ ཤེས་བྱ་དང་ ཁྱད་ཆོས་ དེ་ལས་ རིག་རྩལ་༣ མི་ངོ་རང་སོའི་རྒྱུད་ལུ་ ཚང་ཐབས་བཟོ་དོན་ལུ་ ཨིན་ཟེར་ཨིན་པས།
ལྷག་པར་དུ་ མིའི་རྒྱུད་ལུ་ ཁྱད་ཆོས་༣ སྤྲོད་ནིའི་འགན་ཁུར་དེ་ ཤེས་རིག་ལྷན་ཁག་དང་ རྒྱལ་གཞུང་གཙུག་ལག་སློབ་སྡེ་ཚུ་ལུ་ ཕོག་སྟེ་ཡོད་པའི་ཁར་ རིག་རྩལ་ཡར་དྲག་གཏང་ནི་དེ་ ལཱ་གཡོག་ལྷན་ཁག་དང་ གཙུག་སྡེ་ཚུ་ལུ་ ཕོག་པའི་ཁར་ འདི་དང་འདྲ་མཉམ་སྦེ་ ཕམ་ཚུ་ལུ་ཡང་ འགན་ཁུར་ཡོད་ཟེར་ གསུངས་ཡི།
ལས་གཡོག་དང་ མི་སྟོབས་གོང་འཕེལ་ལས་ཁུངས་ལས་ མདོ་ཆེན་སངས་རྒྱས་རྡོ་རྗེ་གིས་ གསར་བཏོན་འབད་མི་ བསླབ་སྟོན་དཔེ་དེབ་ཀྱི་སྐོར་ལས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་སྟོབས་ལྕོགས་གྲུབ་ཅན་དང་ ཤེས་ཡོན་ ཅན་ དེ་ལས་ རིག་རྩལ་ཡོད་པའི་ དགོས་མཁོ་བསྐྱེད་མིའི་གྲས་ལས་ བཟོ་སྐྲུན་དང་ གློག་མེ་ལས་འཛིན་ སྒེར་སྡེ་ དེ་ལས་ སོ་ནམ་ལས་སྡེ་ཚུ་ནང་ ས་སྟོང་ལེ་ཤ་ ཐོནམ་མས་ཟེར་ཨིན་པས།
དགོས་མཁོ་བསྐྱེད་མི་ལེ་ཤ་ཐོན་རུང་ ན་གཞོན་ཚུ་ལུ་ཡོད་པའི་ ལྕོགས་གྲུབ་དང་ ཁྱད་ཆོས་ ཡོན་ཏན་ ལག་རྩལ་ དེ་ལས་ རིག་རྩལ་ཚུ་ ལཱ་གཡོག་དང་ རྟགས་མ་མཐུནམ་ལས་ ལཱ་གཡོག་འཚོལ་མི་ཚུ་གིས་ གོ་སྐབས་ལེན་མ་ཚུགས་པར་ ལུས་ཡོདཔ་ལས་ དེའི་དཀའ་ངལ་ བསལ་ཐབས་ལུ་ བསླབ་སྟོན་དཔེ་དེབ་དེ་ གསར་བཏོན་འབད་ཡི་ཟེར་ཨིན་པས།
མདོ་ཆེན་གྱིས་ གཞུང་དང་ གཞུང་མིན་ལས་སྡེ་ དེ་ལས་ སྒེར་སྡེ་ཚུ་ལུ་ དཔེ་དེབ་དང་འཁྲིལ་ ལས་རིམ་དང་ འཆར་གཞི་ ཤེས་ཡོན་ དེ་ལས་ རིག་རྩལ་ཚུ་ སྦྱོང་བརྡར་དང་ སློབ་སྦྱོང་བྱིན་ཐོག་ལས་ མི་སྟོབས་ཀྱི་དཀའ་ངལ་ བསལ་དགོ་པའི་ཁར་ རྒྱལ་སྤྱི་འཛམ་གླིང་གི་གྱུར་བ་དང་ རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་ སྲིད་བྱུས་ཚུ་ བསྒྱུར་བཅོས་འབད་དགོཔ་ ཁག་ཆེ་ཟེར་ གསལ་བཤད་འབད་ཡི།
བསླབ་སྟོན་དཔེ་དེབ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ནང་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་ཚར་བའི་ཤུལ་ལུ་ འབྲུག་པའི་ན་གཞོན་ ལེ་ཤ་ཅིག་གིས་ ལཱ་གཡོག་གི་གོ་སྐབས་ ལེན་ཚུགས་པའི་ཁར་ ད་རེས་ རྒྱལ་ཁབ་ནང་ བཟོ་སྐྲུན་གོང་འཕེལ་གྱི་ ལཱ་འབད་མི་ ཕྱིའི་ལས་མི་༥༥,༠༠༠ ཡོད་མིའི་གྲས་ལས་ གློག་མེ་ལས་འགུལ་ནང་ བརྒྱ་ཆ་༤༡.༨ ཡོདཔ་ད་ བརྒྱ་ཆ་༣༦.༧ དེ་ གཞུང་དང་སྒེར་ དེ་ལས་ ལས་འཛིན་ཚུ་ནང་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལོའི་ ལས་གཡོག་ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པར་སྡོད་མི་ ན་གཞོན་༦,༩༠༤ དེ་ཅིག་ཡོད་མི་ཚུ་ བཟོ་སྐྲུན་དང་ གློག་མེ་ལས་འགུལ་ཚུ་ནང་ ལཱ་འབད་མ་བཏུབ་པར་ སྡོད་མི་ཚུ་ཨིན་ཟེར་ འཁོད་ཡོདཔ་ཨིན་པས།
སོ་ནམ་དང་འབྲེལ་བའི་ལཱ་ནང་ བརྒྱ་ཆ་༦༠ དེ་ཅིག་ འབྲུག་པའི་ན་གཞོན་ཚུ་གིས་ བཅའ་མར་གཏོགས་ནུག་ཟེར་ཨིནམ་མ་ཚད་ ལྟ་བཤལ་དང་ ཟ་ཁང་ སྐྱེལ་འདྲེན་དང་ བརྡ་དོན་ སྒེར་སྡེ་ ལས་འཛིན་ གཞུང་དང་ གཞུང་མིན་ལས་སྡེ་ དེ་ལས་ ཁྲོམ་སྡེ་གོང་འཕེལ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ སྦོམ་ཡོདཔ་ལས་ ན་གཞོན་ཚུ་གི་རྒྱུད་ལུ་ ཤེས་ཡོན་དང་ རིག་རྩལ་གྱི་དགོས་མཁོ་ཡོད་མི་དང་འཁྲིལ་ སྦྱོང་བརྡར་དང་ སྲིད་བྱུས་ དེ་ལས་ འཆར་གཞིའི་ལས་རིམ་ཚུ་ བརྩམ་དགོཔ་གལ་ཆེ་ཟེར་ཨིན་པས།
ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལཱ་གཡོག་གི་དམིགས་གཏད་དང་ གདོང་ལེན་ཚུ་ རྟགས་མཐུནམ་སྦེ་བཟོ་ཐབས་ལུ་ འབྲུག་པའི་མི་སེར་དང་ ན་གཞོན་ཚུ་ལུ་ སྦྱོང་བརྡར་ ཤེས་ཡོན་ རིག་རྩལ་ དེ་ལས་ ཁྱད་ཆོས་ཚུ་སྤྲོད་དེ་ ཁེ་ཕན་ཅན་གྱི་ ལཱ་གཡོག་སྤྲོད་ཚུགས་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིན་མས་ཟེར་གསུངས་ཡི།
རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྱི་ བསླབ་སྟོན་དཔེ་དེབ་དེ་ ཐིམ་ཕུ་མིག་དམར་ཟ་ཁང་གི་ ཞལ་འཛོམས་ཁང་ནང་སྦེ་ ལཱ་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ གསར་བཏོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment