གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་ནགས་ཚལ་འཛིན་སྐྱོང་གི་སྦྱོར་བརྡར་ཕན་ཁྱད།

གྲོང་གསེབ་ནགས་ཚལ་གྱི་ སྦྱོང་བརྡར་འབད་བའི་བསྒང་།
  ༡༢/༠༡/༢༠༡༣། ༉ འཕྲལ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ནགས་ཚལ་སྡེ་ཚན་ལས་ གྲོང་གསེབ་ནགས་ཚལ་འཛིན་སྐྱོང་གི་ འགོ་དཔོན་ཚུ་གིས་ འཇིགས་མེད་ཆོས་གླིང་རྒེད་འོག་གི་ རླུང་བསིལ་སྒང་གྲོང་གསེབ་ནགས་ཚལ་ནང་སྦེ་ རྫོང་ཁག་འོག་གི་ གྲོང་གསེབ་ནགས་ཚལ་ལས་ བཅའ་མར་གཏོགས་མི་༥༥ ལུ་ སྦྱོང་བརྡར་བྱིན་མི་དེ་གིས་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་པས།

གསར་སྤང་རྫོང་ཁག་ནང་ གྲོང་གསེབ་ནགས་ཚལ་བསྡོམས་༢༦ ཡོད་མི་ལས་ གྲོང་གསེབ་སྡེ་ཚན་༢༥ གི་ མི་སེར་༥༣ ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ དེ་ཡང་ གྲོང་གསེབ་ནགས་ཚལ་འཛིན་སྐྱོང་སྡེ་ཚན་འགོ་དཔོན་དང་ རྫོང་ཁག་ནགས་ཚལ་འགོ་དཔོན་ དེ་ལས་ རྒེད་འོག་ནགས་ཚལ་འགོ་དཔོན་༣ གྱིས་ རྫོང་ཁག་ནང་ འགོ་ཐོག་དང་པ་ ཉིན་གྲངས་༦ གི་རིང་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།


འགོ་འདྲེན་འཐབ་མི་ གྲོང་གསེབ་ནགས་ཚལ་འཛིན་སྐྱོང་སྡེ་ཚན་ལས་ འགོ་དཔོན་འཇིགས་མེད་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ གྲོང་གསེབ་ནགས་ཚལ་འཛིན་སྐྱོང་ལེགས་ཤོམ་འཐབ་ནིའི་དོན་ལུ་ བཅའ་མར་གཏོགས་མི་ཚུ་ལུ་ ཤིང་བཏོག་ཐངས་དང་ ཤིང་འཛུགས་སྐྱོང་འབད་ཐངས་ ཕྱིར་བསེལ་ལམ་ལུགས་ དེ་ལས་ ཤིང་ཆས་བསྡུ་ཐངས་ཚུ་གི་སྐོར་ལས་ སློབ་སྦྱོང་བྱིན་ཡི་ཟེར་ཨིན་པས།

སྦྱོང་བརྡར་བྱིན་དགོ་མི་དེ་ རང་སོའི་གྲོང་གསེབ་ནང་ཡོད་པའི་ ནགས་ཚལ་ཐོན་ཁུངས་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཚུགསཔ་བཟོ་ནིའི་དོན་ལུ་ཨིནམ་མ་ཚད་ རང་སོའི་ གྲོང་གསེབ་ནགས་ཚལ་ཐོན་ཁུངས་ཚུ་ལུ་བརྟེན་ མི་སྡེའི་ནགས་ཚལ་གཞན་དང་ རྫོང་ཁག་གཞན་ཚུ་ལུ་ རེ་མ་དགོ་པར་ གྲོང་གསེབ་ནང་ དགོས་མཁོ་ཚུ་ རང་ལངམ་སྦེ་ ལག་ལེན་འཐབ་པའི་ གནས་སྐབས་དང་ གཞི་རྟེན་ རིག་རྩལ་ ཡོན་ཏན་ དེ་ལས་ གཞན་གལ་གནད་ཅན་ཚུ་ སློབ་སྦྱོང་བྱིན་ཡི་ཟེར་ འགོ་དཔོན་གྱིས་ སླབ་ཨིན་པས།


སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༢༧ ལས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡ ཚུན་ གྲོང་གསེབ་མི་སེར་ཚུ་ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ ཉིནམ་དང་པའི་ནང་ ལེགས་སྦྱར་གྱི་ ནགས་ཚལ་ཟེར་མི་དེ་ ག་དེམ་ཅིག་ལུ་ སླབ་ཨིན་ན་དང་ ནགས་ཚལ་གྱི་རིགས་ ལྷམ་པ་མ་འདྲཝ་ཚུ་ ཤིང་འཛུགས་སྐྱོང་ག་དེ་སྦེ་ འབད་ནི་ཨིན་ན་ འབྲུག་རྒྱལ་ཁབ་ཀྱི་ནགས་ཚལ་རིགས་ དེ་ལས་ ནགས་ཚལ་འཛིན་སྐྱོང་འབད་ཐངས་ཀྱི་ དོན་ཚན་༣ གྱི་ཐོག་ལུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།


སྦྱོང་བརྡར་ལས་རིམ་ ཉིནམ་༢ པའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཤིང་འཛུགས་སྐྱོང་འབད་ཐངས་ཀྱི་སྐོར་ལས་དང་ ཤིང་གི་ཡན་ལག་བཏོག་ཐངས་ ཤིང་རྐྱང་པ་སྦེ་ཡོད་མི་ཚུ་ བདག་འཛིན་འབད་ཐངས་དང་ མཐའ་འཁོར་ཤིང་བཙུགས་ཐངས་ དེ་ལས་ ཤིང་ལེ་ཤ་སྦེ་ཡོད་པ་ཅིན་ སྙོམས་ཏོག་ཏོ་བཟོ་ཐངས་ཚུ་གི་སྐོར་ལས་ རླུང་བསིལ་སྒང་གི་ སྦོ་ལོགས་ཁའི་ནགས་ཚལ་ནང་སྦེ་ སྦྱོང་བརྡར་དངོས་བསྟར་འབད་ཡོདཔ་ཨིན་པས།


དེ་གི་ཤུལ་ལས་ རང་སོའི་གཡུས་ཚན་ནང་ གཞུང་གི་དོན་ལུ་ བཟོ་སྐྲུན་གྱི་ལཱ་དང་ སྒེར་སྡེ་ནང་ དགོས་མཁོ་ཆེ་བའི་ཤིང་ཆས་ཚུ་ དགོཔ་འཐོནམ་ད་ སྦྱོང་བརྡར་འབད་མི་ཚུ་གིས་ ཤིང་ཚུ་ གདམ་ཁ་རྐྱབ་ཐངས་ཀྱི་སྐོར་ལས་ སློབ་སྟོན་འབད་ཡོདཔ་བཞིན་དུ་ ཤིང་གདམ་ཁ་རྐྱབ་ཞིནམ་ལས་ རྟགས་བཀལ་བཞག་ནིའི་སྐོར་ལས་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ ཤིང་གདམ་ཁ་རྐྱབ་ཞིནམ་ལས་ བཏོག་ནིའི་ཐད་ཁར་ལྷོདཔ་ད་ ཕྱོགས་༤ དང་མཚམས་༤ ལུ་ ཞིབ་དཔྱད་འབད་དགོཔ་ད་ དེ་ཡང་ ཤིང་བཏོག་མི་དེ་གིས་ གཞན་ མཐའ་འཁོར་ལུ་ཡོད་པའི་ཤིང་རིགས་ཚུ་ལུ་ གནོད་པ་མེདཔ་སྦེ་ བཏོག་དགོ་པའི་སྐོར་ལས་ ལྷབ་སྦྱང་འབད་ཡོདཔ་ཨིན་པས།


སྦྱོང་བརྡར་ལས་རིམ་ ཉིནམ་མཇུག་ནང་ སྦྱོང་བརྡར་འབད་མི་ཚུ་ལུ་ ཤིང་འཛུགས་སྐྱོང་འབད་ཐངས་ཀྱི་ སྲིད་བྱུས་དང་ འཆར་གཞི་བརྩམ་ཐངས་ ཤིང་བརྡབ་ཐངས་ ཤིང་བཏོག་པའི་སྐབས་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ ལཱ་འབད་ཐངས་ ཤིང་དུམ་དྲ་ཐངས་ དེ་ལས་ དང་ཕུའི་ལུགས་སྲོལ་ཐོག་ ནགས་ཚལ་ལུ་ ཕན་གནོད་ཀྱི་སྐོར་དང་ དེང་སང་ལམ་ལུགས་ཐོག་ལས་ ནགས་ཚལ་ཡུན་བརྟན་སྦེ་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ མཐར་འཁྱོལ་བྱུངམ་ལས་ ལག་ཁྱེར་ཚུ་ བྱིན་ཡོདཔ་ཨིན་པས།


བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ བརྒྱ་ཆ་༩༥ གིས་ སྦྱོང་བརྡར་བྱིན་མི་ཚུ་ རང་སོའི་གྲོང་གསེབ་ནང་ ལྷོད་པའི་ཤུལ་ལས་ ཐོགས་ཆགས་ག་ནི་ཡང་མེད་པར་ ལཱ་ཚུ་འགོ་རིམ་བཞིན་དུ་འབད་ཚུགས་པའི་ཁར་ གཡུས་ཀྱི་མི་སེར་ཚུ་ ཞལ་འཛོམས་འཚོགས་ཏེ་ གོ་བ་བརྡ་སྤྲོད་བྱིན་ཚུགསཔ་ཡོད་རུང་ བརྒྱ་ཆ་༥ ལུ་ ལེགས་ཤོམ་སྦེ་ བྱིན་མ་ཚུགས་མི་ཡང་ ཁོང་ལུ་ ཤེས་ཡོན་མེད་ནི་དེ་གིས་ ཨིན་པའི་གནས་ཚུལ། 


བཀྲིས་ཕུན་ཚོགས།

No comments:

Post a Comment