གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་མེའི་ཁྲིམས་ལུགས་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

༥/༡/༢༠༡༣     ༉ འབྲུག་གི་ ནགས་ཚལ་མེའི་ཁྲིམས་ལུགས་༢༠༡༢ ཅན་མ་དེ་ བཟོ་ཚར་མི་དང་འབྲེལ་ ལག་ལེན་འཐབ་དགོཔ་སྦེ་སླབ་སྟེ་ དུས་ཡུན་ཟླཝ་ཅིག་དེ་ཅིག་ ལང་ཡོདཔ་ཨིན་རུང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ དྲི་བཀོད་འབད་ལྟཝ་ད་ ད་ལྟོ་ཚུན་ ལག་ལེན་འཐབ་མ་ཚུགས་པར་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
དེ་ཡང་ ཐིམ་ཕུ་ས་ཁོངས་ནགས་ཚལ་སྡེ་ཚན་ལས་ ནགས་ཚལ་འགོ་དཔོན་འོག་མ་ བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ ཁོ་གི་ཡིག་ཚང་ནང་ ཁྲིམས་ལུགས་ཀྱི་ འདྲ་པར་ཡང་ མ་ཐོབ་ཟེར་ཨིནམ་ད་ ཨིན་རུང་ ནགས་ཚལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་བཅའ་ཁྲིམས་ སྤྱི་ལོ་༡༩༩༥ དང་འཁྲིལ་ མཛར་ཅུམ་བཟའ་བར་འགྱོ་མི་ཚུ་ལུ་ མེ་འཕུ་ཆོག་པའི་ གནང་བ་སྤྲོད་དོ་ཟེར་ཨིན་པས།



ཁོ་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ ཕྱི་ཁ་ལས་ཕར་ མེ་འཕུ་བའི་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་ལས་ གནང་བ་ལེན་དགོ་ཟེར་ བརྡ་བརྒྱུད་ཚུ་ནང་ གསལ་བསྒྲགས་འབད་མི་དང་འབྲེལ་ ཤེས་རྟོགས་བྱུང་མི་ཚུ་གིས་ གནང་བ་ལེན་པར་ འོང་དོ་ཡོདཔ་ཨིན་རུང་ མེ་འཕུ་སྟེ་ སྤྲོ་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་ ཕུད་རྡོག་གཅིག་གིས་ཡང་ གནང་བ་ལེན་པར་ མ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱི་ཁ་ལས་ཕར་ མེ་འཕུ་སྟེ་ སྤྲོ་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་དང་ མཛར་ཅུམ་བཟའ་མི་ཚུ་ མཐོང་བའི་སྐབས་ སྣང་མེད་སྦེ་མ་བཞག་པར་ དབྱེ་ཞིབ་ཚུ་འབད་དེ་ གནང་བ་ཡོད་མེད་ ལྟ་དོ་ཟེར་ཨིནམ་ད་ གལ་སྲིད་ མེ་འཕུ་མི་ཚུ་ལུ་ གནང་བ་མེད་པ་ཅིན་ ཕྲངམ་ཕྲང་ས་ ཉེས་ཆད་མ་བཀལ་བར་ ལོག་ཤུལ་ལས་ཡང་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་པ་ཅིན་ གནང་བ་ལེན་དགོ་པའི་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།
འགོ་དཔོན་དེ་གིས་ སླབ་མིའི་ནང་ མ་གཞི་ བརྡ་བརྒྱུད་ཚུ་བརྒྱུད་དེ་ ཁྲིམས་ལུགས་དེ་གི་སྐོར་ལས་ གོ་བརྡ་ཚུ་ སྤྲོད་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་བར་ན་ཡང་ ཁྲིམས་ལུགས་དེ་གི་སྐོར་ལས་ ཤེས་མི་དང་ཕྱདཔ་ད་ མ་ཤེས་མི་ མངམ་འདུག་ཟེར་ཨིན་པས།
ཐིམ་ཕུ་ས་ཁོངས་ནགས་ཚལ་སྡེ་ཚན་གྱི་ ནགས་ཚལ་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ སླབ་མིའི་ནང་ ཁྲིམས་ལུགས་གསརཔ་དེ་ ལོག་སྟེ་ལེགས་ཤོམ་སྦེ་ ལྷག་དགོཔ་ཡོད་ཟེར་ཨིནམ་མ་ཚད་ ད་ལྟོ་ཚུན་ གནང་བ་སྤྲོད་ནིའི་ ཀཱཌི་ཚུ་ཡང་ པར་བཏབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཐིམ་ཕུ་རྫོང་ཁག་ ནགས་ཚལ་འགོ་དཔོན་ ཨོ་རྒྱན་ཚེ་རིང་གིས་འབད་བ་ཅིན་ ཁྲིམས་ལུགས་གསརཔ་དེ་གི་ འདྲ་པར་རེ་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ སྤྲོད་དེ་ཡོདཔ་ད་ ལཱ་ཚུ་ཡང་ དེ་དང་འཁྲིལ་ཏེ་ར་ འབད་དོ་ཟེར་ཨིན་པས།
གནང་བ་ཚུ་ག་ར་ རྒེད་འོག་ནགས་ཚལ་རྒྱ་བསྐྱེད་ལྟེ་བའི་ འགོ་དཔོན་ཚུ་གིས་ རང་སོའི་ རྒེད་འོག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ སྤྲོད་དོ་ཡོདཔ་ད་ དེ་ཚུ་ག་ར་ རང་སོའི་ ཞིང་ཚུ་ནང་ རག་རོག་མེ་བཏང་ནི་ཚུ་ ཨིན་ཟེར་ཨིན་པས།
ད་རེས་ཁམས་ ཆ་འཇོག་གྲུབ་མི་ ཁྲིམས་ལུགས་དང་འཁྲིལ་བ་ཅིན་ གནང་བ་མེད་པར་ མེ་འཕུ་ཐོག་ལས་ སྤྲོ་བའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དང་ སོ་ནམ་ཞིང་ནང་གི་ རག་རོག་མེ་གཏང་པ་ཅིན་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་ ཕོག་ནི་སྦེ་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment