སྐྱེས་ལོ་༦༡ ལང་མི་ མགོནམ་ཚེ་རིང་གི་ སྤུན་ཆ་དེ་གིས་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༧ ལུ་ བུམོ་དེ་གི་ ཕམ་ཚུ་གིས་ ནོར་ཤ་ཉོ་བའི་རིན་ དངུལ་ཀྲམ་༢,༠༠༠ སྤྲོད་མ་ཚུགས་མི་ལུ་བརྟེན་ ཤ་རིན་ལས་བཅད་དེ་ བུམོ་དེ་ ལཱ་འབད་བཞག་ད་ཟེར་སླབ་སྟེ་ བུམོ་དེ་གི་ ཕམ་ཚུ་གིས་ར་ འབག་འོང་འོངམ་ཨིན་ཟེར་ཨིན་པས།
བུམོ་དེ་ མགོནམ་ཚེ་རིང་གི་ བཟང་ཚང་ཚུ་དང་གཅིག་ཁར་ ཧཱ་ལས་ བསམ་རྩེ་ལུ་ འགྱོ་འགྱོཝ་ཨིན་པས།
མགོནམ་ཚེ་རིང་གི་བུ་ ཀ་ཀ་གིས་ བཤད་མི་དང་འཁྲིལཝ་ད་ ཨ་ལུ་ཉོ་བཙོང་འཐབ་མིའི་ནང་ མི་ཚུད་ཟེར་ཨིནམ་ད་ དེ་ཡང་ ང་བཅས་ཆ་ཁྱབ་ ཧཱ་ས་དམར་རྒེད་འོག་ནང་ལས་ཨིནམ་ལས་ གནམ་དགུན་གྱི་ དུས་ཚོད་ལུ་ བསམ་རྩེ་ལུ་འགྱོ་དོ་ཡོདཔ་ད་ ད་རུང་ གནམ་བྱཱར་གྱི་ དུས་ཚོད་རནམ་ད་ ལོག་ཧཱ་ལུ་ འོངམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ གནད་དོན་དེ་ ཨ་ལུ་ཉོ་བཙོང་གི་གནད་དོན་ནང་ ཉེས་འཛུགས་འབད་འབདཝ་འདྲཝ་ཅིག་འབད་བ་ཅིན་ བུམོ་དེ་གི་ ཨ་པ་དང་ ཨ་ཞང་ཡང་ ཉེས་འཛུགས་འབད་དགོཔ་འདུག་ཟེར་ཨིན་པས།
ཀ་ཀ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ བུམོ་དེ་གི་ཨ་ཞང་ རྟ་མགྲིན་རྡོ་རྗེ་གིས་ སྤྱི་ལོ་༢༠༠༥ ལུ་ ཁོང་བཟའ་ཚང་ཚུ་ བསམ་རྩེ་ལུ་ འགྱོ་ནི་འབདཝ་ད་ ཁོ་གི་ཕམ་ཚུ་ལས་ ནོར་ཤ་ཉོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༧ ལུ་ ཁོང་ཆ་ཁྱབ་ བསམ་རྩེ་ལུ་སྡོད་པའི་རིང་ བུམོ་དེ་གི་ ཨ་ཞང་གི་ ཤ་རིན་སྤྲོད་ནི་མེད་པར་ བུམོ་དེ་ རྩིས་སྤྲོད་པར་ འོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ བུམོ་དེ་ བྱང་སྟོར་ཤོར་བའི་ཉིནམ་ལས་ མགོནམ་ཚེ་རིང་གིས་ བསམ་རྩེ་ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ མི་བྱང་སྟོར་ཤོར་བའི་ སྙན་ཞུ་འབད་བའི་སྐབས་ བསམ་རྩེ་ཁྲིམས་སྲུང་འགག་པ་ཚུ་གིས་ བུམོ་དེ་ ཐིམ་ཕུ་ལུ་ ལྷོ་མཚམས་པ་ཅིག་གི་ཁྱིམ་ནང་ ལཱ་འབད་དེ་ཡོདཔ་ ངེས་བདེན་ཨིན་པའི་སྐོར་ལས་ ཁོ་ལུ་སླབ་ཡོདཔ་ལས་བརྟེན་ མགོནམ་ཚེ་རིང་གི་ སྤུན་ཆ་ཚུ་གིས་འབད་བ་ཅིན་ བསམ་རྩེ་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ འགན་འཁྲི་འབག་དགོཔ་འདུག་ཟེར་ཨིན་པས།
མགོནམ་ཚེ་རིང་གི་ ཕོ་རྒནམ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ མགོནམ་ཚེ་རིང་གིས་ བུམོ་བྱང་སྟོར་ཤོར་བའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བར་འགྱོཝ་ད་ བུམོ་དེ་གིས་ ཁྲིམས་སྲུང་འགག་པའི་ བརྒྱུད་འཕྲིན་ཨང་༡༡༣ ནང་ བཏང་ཞིནམ་ལས་ མོ་ ཐིམ་ཕུ་ལུ་ ལྷོ་མཚམས་པ་ཅིག་གི་ཁྱིམ་ནང་ ལཱ་འབད་དེ་ ལེགས་ཤོམ་སྦེ་ཡོད་ཟེར་ སླབ་ཡོད་པའི་སྐོར་ལས་ མགོནམ་ཚེ་རིང་ལུ་ སླབ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཧཱ་ཁྲིམས་འདུན་གྱིས་ བསམ་རྩེའི་ ཁྲིམས་སྲུང་འགག་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ལུ་ཡང་ དེ་སྦེ་ར་ སླབ་ཡོདཔ་མ་ཚད་ ཡིག་ཐོག་ལུ་ཡང་ བཀོད་དེ་བྱིན་ནུག་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ བུམོ་དེ་ སྤྱི་ལོ་༢༠༠༩ ཟླ་༡༡ པའི་ཚེས་༥ ལས་ བྱང་སྟོར་ཤོར་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་རྐྱངམ་གཅིག་ འབད་ནུག་ཟེར་ཨིན་པས།
ཀ་ཀ་ཚེ་རིང་གིས་འབད་བ་ཅིན་ ཁོ་གི་ཕམ་ཚུ་གིས་ བུམོ་དེ་ ཁོ་གི་ཁྱིམ་ཚང་གི་ཁྱིམ་ནང་ སྡོད་སྡོདཔ་འོང་ཟེར་མནོ་སྟེ་ སྡོད་ཡོདཔ་མ་ཚད་ ཤུལ་ལས་ གནད་དོན་དེ་ ཁྲིམས་ཁང་ནང་ཐུག་པའི་བསྒང་ལས་ ཁྲིམས་སྲུང་འགག་པའི་སྙན་ཞུ་དགོ་ཟེར་ སླབ་ཞིནམ་ལས་ གནོད་དོན་ཐོ་བཀོད་འབད་མ་བཏུབ་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ལས་ གནད་དོན་དེ་ ཞིབ་དཔྱད་འབད་བའི་བསྒང་ཨིན་ཟེར་སླབ་སྟེ་ བྱང་སྟོར་ཤོར་བའི་ སྙན་ཞུ་ཚུ་ཡང་ སྤྲོད་མ་བཏུབ་ཟེར་ ཀ་ཀ་གིས་ བཤདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ བུམོ་དེ་ འཚོལ་མ་ཐོབ་པའི་བསྒང་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེས་ལས་སྡེའི་ ཁ་ཐུག་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡི་ཟེར་ ཀརྨ་ཆོས་སྒྲོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment