གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུ་པ་སྒྲིང་སྒྲིང་བཤེད་དེ་ ལཱ་འབད་དགོ་པའི་བཀའ་སློབ།

༡/༡/༢༠༡༣   ངན་ལྷ་བཀག་སྡོམ་ལྷན་ཚོགས་གཞི་བཙུགས་འབད་དེ་ ལོ་༧ སོང་བའི་ཤུལ་ལུ་ ཁ་ཙ་ གཞི་བཙུགས་ཀྱི་ ཉིནམ་དང་པ་ བརྩི་སྲུང་འབད་ཡི།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ སྤྱི་ལོ་༢༠༠༥ ཟླཝ་༡༢ པའི་ཚེས་༣༡ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་གནང་མི་ བཀའ་ཤོག་དང་འཁྲིལ་ གཞི་བཙུགས་འབད་དེ་ ལོ་༧ ལང་པའི་ཤུལ་ལུ་ ཁ་ཙ་ གཞི་བཙུགས་ཀྱི་ཉིནམ་དང་པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་སྟེ་ ལྷན་ཚོགས་ཀྱི་ ལས་བྱེདཔ་ཚུ་དང་ མཇལ་ཕྲད་མཛད་གནང་ཡི།
རིག་འཛིན་དབང་ཕྱུག།


མི་དབང་མངའ་ཞབས་མཆོག་གིས་ ག་ནི་བ་ གལ་ཆེ་བའི་ སྤྱི་ལོ་༢༠༡༢ ལོའི་ ཉིན་མཇུག་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ གཞི་བཙུགས་ཀྱི་ གཞུང་འབྲེལ་རྟེན་འབྲེལ་ནང་ འབྲེལ་གཏོགས་འབད་ཚུགསཔ་ལས་ ཐུགས་སྤྲོ་སྦོམ་བྱུང་ཡི་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ ལྷན་ཚོགས་ཀྱི་ འགོ་དཔོན་དང་ ལས་བྱེདཔ་ཚུ་ལུ་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་དུས་ཆེན་ནང་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མིའི་ འཕྲིན་དོན་ཚུ་ དྲན་གསལ་སྦེ་ གསུངས་གནང་པའི་ཁར་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ ག་ནི་བ་ རྩ་ཆེ་བའི་ གཙུག་སྡེ་ཆ་མཉམ་གྱིས་ རང་སོའི་ལཱ་དང་ འགན་ཁུར་ཚུ་ འཐུས་ཤོར་མེད་པར་ ཕྱག་ཞུ་སྟེ་ དམངས་གཙོའི་རིང་ལུགས་ནང་ ལོ་༤ དང་ཕྱེད་ཀྱི་ ཉམས་མྱོང་ཚུ་ ཐོབ་སྟེ་ཡོད་ཟེར་ གསུངས་ཡི།
ཉམས་མྱོང་དང་ ལྟ་རྒྱ་མཐོང་རྒྱ་དེ་ གནད་འགག་ཅན་ཅིག་ཨིན་མི་དེ་ཡང་ ཉམས་མྱོང་གི་ཐོག་ལས་ ང་བཅས་ལུ་ དཀའ་ངལ་ཚུ་ བསལ་ནི་དང་ འཁོན་འཆམ་མ་ཚུགས་མི་ཚུ་ འཆམ་ཁ་བཟོ་ནི་ལུ་ ལྷན་ཐབས་དང་ ལམ་སྟོན་འབདཝ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ཉམས་མྱོང་རྐྱངམ་གཅིག་གི་ཐོག་ལས་ ང་བཅས་ཀྱིས་ མིག་དཔེ་བཟང་པོ་དང་ དམངས་གཙོའི་གཞི་འགྱམ་སྒྲིང་སྒྲིང་དང་ མ་འོངས་གནས་སྟངས་ལེགས་ཤོམ་བཟོ་ཚུགས་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་གི་ ལཱ་འབད་ཐངས་དང་ བཅའ་ཐངས་ཚུ་ག་ར་ ལེགས་ཤོམ་འགྱོ་དོ་ཡོདཔ་མ་ཚད་  གྲུབ་འབྲས་ཚུ་ཡང་ རེ་བ་ལས་ལྷགཔ་སྦེ་ བྱུང་ཡོདཔ་ལས་ ཐུགས་ངལ་རངས་ བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ འབྲུག་པའི་མི་སེར་ཆ་མཉམ་གྱིས་ ད་ལྟོ་ དམངས་གཙོའི་རིང་ལུགས་དང་ འགན་ཁུར་ཚུ་ འགོ་བཙུགསཔ་ཅིག་ར་ཨིནམ་ལས་ མ་འོངས་པའི་ བུ་བརྒྱུད་ཚུ་གི་དོན་ལུ་ ལམ་བཟང་ནི་གི་ འགན་ཁུར་འབག་དགོཔ་ ལེ་ཤ་ཡོདཔ་ སེམས་ཁར་བཞག་དགོཔ་དེ་ གལ་ཆེ་ཟེར་ མི་དབང་མངའ་ཞབས་མཆོག་གིས་ གསུངས་གནང་ཡི།
ད་རུང་ མི་དབང་མཆོག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ གཙུག་སྡེ་གཞན་ཆ་མཉམ་གྱིས་ དམངས་གཙོའི་རིང་ལུགས་དང་ རྒྱལ་ཁབ་བཏགས་སར་བཀལ་ནིའི་དོན་ལུ་ གལ་ཅན་གྱི་ འགན་ཁུར་འགྲུབ་པའི་སྐབས་ རྒྱལཔོ་སྐུ་ཉིད་ལས་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་ཟེར་ གསུངས་གནང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ཡང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཨིནམ་ལས་ རང་སོའི་འགན་ཁུར་འགྲུབ་ད་ འཇིགས་སྣང་དང་ འཚེར་སྣང་ མཐུན་འགྱུར་མེད་པར་ རྩིས་བདག་གཏང་དགོ་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ལྷན་ཚོགས་ཀྱིས་ ལཱ་ཚུ་འཐུས་ཤོར་མེད་པར་ འབད་དང་འབད་བཞིན་དུ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ ཁྱེད་ཀྱི་གཡུ་པ་འདི་ སྒྲིང་སྒྲིང་བཤེད་དེ་ ལཱ་འབད་དགོ་ཟེར་ བཀའ་སློབ་གནང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ དེ་ལས་ ལས་བྱེདཔ་ཚུ་གིས་ མི་དབང་མངའ་ཞབས་མཆོག་ལུ་ སྐུ་གསུང་ཐུགས་རྟེན་མན་ཌལ་དང་ ཞབས་བརྟན་ཕུལ་ཡི།
མི་དབང་མཆོག་གིས་ ལྷན་ཚོགས་ཀྱི་ ལས་བྱེདཔ་ཚུ་ལུ་ དྲང་བདེན་དང་ གཅིག་སྒྲིལ་གྱི་སྒོ་ལས་ ཕྱག་ཞུ་ནི་གི་ ངོ་རྒྱན་ཚུ་ གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment