དེ་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ཅིག་ མོང་སྒར་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་ཨིནམ་ལས་ ཁོ་གི་ སྟ་གོན་སྙན་གསན་དེ་ སྤྱི་ཟླ་༡ པའི་ཚེས་༤ ལུ་ མཛད་གནང་ཡོདཔ་ད་ ཁོ་ར་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མིའི་འགན་ཁུར་ཧྲིལ་བུམ་སྦེ་ འབག་མི་ཅིག་ཨིན་རུང་ ཁོ་ལུ་ཕོག་པའི་འགན་ཁུར་དེ་ ཚུལ་མཐུན་སྦེ་ འབག་མ་ཚུགས་མི་ལུ་བརྟེན་ ཁོ་ལུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞི་རྩོད་ཀྱི་ཉེས་པ་བཀལ་དོ་ཡོདཔ་ཨིན་པས།
ཁོ་གི་ སྟ་གོན་སྙན་གསན་དེ་ཡང་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ འགོ་བཙུགས་ཡོདཔ་ད་ ཉེས་འཛུགས་ཅན་ རྡོ་རྗེ་དབང་ཕྱུག་ལུ་ཡང་ རྒྱབ་མི་དང་ ངོ་ཚབ་བཙུགས་ཏེ་ ཁྲིམས་རྩོད་འབད་ཆོག་དང་མ་ཆོག་གི་གོ་བ་ཚུ་ ཁྲིམས་འདུན་གྱིས་ བཤད་ཡོདཔ་མ་ཚད་ རྒྱབ་མི་དང་ ངོ་ཚབ་བཙུགས་དགོ་པ་ཅིན་ དྲི་ཤོག་ཕོམ་ཚུ་ཡང་ སྤྲོད་ཡོདཔ་ད་ རྒྱབ་མི་བཙུགས་དགོ་པ་ཅིན་ ཆེ་མཐོ་ཁྲིམས་མདུན་ལས་ གནང་བ་ཞུ་སྟེ་ བཙུགས་ཆོག་ནི་ཨིན་པས།
རྡོ་རྗེ་དབང་ཕྱུག་དེ་ མོང་སྒར་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ཨིནམ་ད་ ཧེ་མ་ ཁོ་ར་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མིའི་འགན་ཁུར་ཕོག་པའི་སྐབས་ལུ་ ཁོ་གིས་ དེ་བསྒང་ ས་ཁག་༥ ཚུལ་མིན་ཐོག་ལས་ དགྲ་མེད་རྩེ་གྲྭ་ཚང་དང་ མཁར་ཆུ་གྲྭ་ཚང་ དེ་ལས་ སྐུ་འཁོར་༢ དང་ ཀུར་རི་ཆུ་གློག་མེ་ལས་འགུལ་ནང་ལཱ་འབད་མི་༡ ལུ་ སྤྲོད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་ལུ་ ཉེས་འཛུགས་འབད་མིའི་ནང་ ཁོ་ར་ ཚོགས་ཆུང་གི་འཐུས་མི་ཅིག་ཨིན་རུང་ འཐུས་མིའི་འགན་ཁུར་དེ་ ཚུལ་མཐུན་མ་འབག་པར་ ས་ཆ་འཐོབ་དགོ་མི་ཚུ་ལུ་ ས་ཆ་བགོ་བཀྲམ་མ་འབདཝ་ད་ འཐོབ་འདོད་མེད་མི་ཚུ་ལུ་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཚོགས་ཆུང་བཟོ་མི་དེ་ དོན་ཆེད་ར་ མི་གཅིག་དང་གཉིས་ཀྱི་ ངོ་དང་གསོ་ལུ་མ་ལྟ་བར་ རང་མོས་རྣམ་དག་ཐོག་ལས་ ལཱ་འབད་དེ་ མི་སེར་གྱི་ སྐྱིད་སྡུག་སྙོམས་ཐབས་ཀྱི་དོན་ལུ་ བྱ་ལྟ་མི་སྦེ་བཟོ་ཡོད་རུང་ ཚུལ་མིན་ཐོག་ལས་ ས་ཆ་བགོ་བཀྲམ་འབད་ཡོདཔ་ལས་ ཡིག་ཚང་གི་འགན་ཁུར་ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་སྨིན་དགོ་ཟེར་ཨིན་པས།
ཁོ་གིས་ ཁོ་རའི་ སྒོ་ནོར་འགོ་དཔོན་གྱི་ ལཱ་འགན་དེ་ འབག་མ་ཚུགས་པས་ཟེར་མེན་པར་ དེ་བསྒང་ ཁོ་ར་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མིའི་འགན་ཁུར་ཧྲིལ་བུམ་ཕོགཔ་ད་ ཚུལ་མིན་འབད་བའི་ཉེས་པ་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ པ་དང་༢༩༥ པ་དང་འཁྲིལ་ཏེ་ ཉེས་ཁྲིམས་ཕོག་ནི་ཨིན་པས།
མོང་སྒར་ཁྲིམས་འདུན་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་གྱི་ རྩོད་དོན་སྐོར་ལས་ གང་མགྱོགས་སྦེ་ འཁྲུན་ཆོད་བཏོན་ཚུགས་ནི་ལུ་ རྩོད་རྩ་དང་ རྩོད་ཟླ་ཚུ་ལུ་ རག་ལས་འོང་ཟེར་ཨིནམ་ད་ ཁོང་གིས་ ཁྲིམས་འདུན་ལུ་ དུས་ཚོད་འཕྲོ་བརླག་མ་བཏང་པར་ འོང་ཚུགས་པ་ཅིན་ མགྱོགས་སུ་སྦེ་ བཏོན་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ མི་ཚུ་གི་ རྣམ་ཅོག་དང་ མིག་ཏོ་དེ་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་ཀྱི་སྐོར་ལས་ མོང་སྒར་ཁྲིམས་ཀྱི་འདུན་སར་ ཉན་ཏེ་ཡོདཔ་ལས་ རྩོད་དོན་དེ་ལུ་ཐུག་མི་ རྩོད་བཤེར་པ་ཚུ་གིས་འབད་རུང་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ཁྲིམས་འདུན་ལུ་ བསྐྱར་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ རང་གིས་རྐྱབ་མི་ ཟམ་གུ་ལས་ རང་ཐལ་ཚུགསཔ་འབད་དགོཔ་ལས་ དྲང་དཔོན་ཁོ་ར་གིས་འབད་རུང་ རྩོད་དོན་དེ་གི་སྐོར་ལས་ ཁྲིམས་རྩོད་འབད་ནི་དེ་ རང་མོས་རྣམ་དག་ཐོག་ལས་ ཕྱག་ཞུ་སྟེ་ འཁྲུན་ཆོད་དེ་ཡང་ དོན་སྟོང་བཟུམ་ཅིག་ རྩ་ལས་ར་ མི་བཏོན་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་གྱི་འཐུས་མི་ཚུ་ལུ་ སྙན་གསན་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་ལས་ ས་ཆ་བགོ་བཀྲམ་གྱི་ ཚོགས་པའི་འཐུས་མི་གཞན་ཚུ་ཡང་ ཁྲིམས་འདུན་ལུ་ འབོ་ནིའི་དོན་ལུ་ བཀའ་ཤོག་ཚུ་ བཏང་པའི་བསྒང་ཡོདཔ་ཨིན་པས།
རྡོ་རྗེ་དབང་ཕྱུག་གི་ ཐོག་མའི་བརྗོད་དོན་སྙན་གསན་དང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ བརྒལ་ལན་སྙན་གསན་དེ་ ད་རིས་ མཛད་གནང་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment