གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོ་ཆུ་ནང་ ཆུ་འཐེན་འཕྲུལ་བཙུགས་མི་དེ་ ལོག་བསྡུ་བཅུག་ཡོདཔ།

༢/༡/༢༠༡༣   ༉ ད་རེས་ནངས་པ་ སྤུ་ན་ཁ་ ལྕང་གཡུས་ལུ་སྡོད་དེ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཞུ་མི་ དད་མོས་ཅན་ཚུ་གི་དོན་ལུ་ སྒེར་གྱི་ལས་སྡེ་ཅིག་གིས་ ཆུ་འཐེན་འཕྲུལ་བཙུགས་ཐོག་ལས་ མོ་ཆུ་ལག་ལེན་འཐབ་བཅུག་མི་དེ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ གཙང་སྦྲའི་གནད་དོན་ཐོག་ ལོག་བསྡུ་བཅུག་ཡོདཔ་ཨིན་པས།

བཀའ་དབང་ཞུ་མི་ཚུ་གིས་ གཟུགས་དང་གོ་ལ་འཁྱུ་སྟེ་བཙོག་པ་བཟོ་མི་མོ་ཆུ།

དབང་འཛིན་གྱི་འགོ་དཔོན་ བསྟན་འཛིན་གྱིས་ སླབ་མིའི་ནང་ ཆུ་འཐེན་འཕྲུལ་བཙུགས་པའི་སྐབས་ ཆུ་དེ་ བཀྲིས་སྐྱིད་ཚོང་ལས་ཀྱིས་བཟོ་མི་ གནས་སྐབས་ཀྱི་ ཁང་མིག་༣༤༠ འི་ནང་ སྡོད་མི་ཚུ་གིས་ ཆུ་འཁྱུ་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ ཞིབ་དཔྱད་མ་འབད་བར་ བཞག་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ མི་ཚུ་གིས་ འཐུང་ཆུ་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ བཀག་ཆ་འབད་ཡི་ཟེར་ཨིན་པས།
བསྟན་འཛིན་གྱིས་འབད་བ་ཅིན་ ཁོང་གིས་ ཚོང་ལས་ཀྱི་ ཇོ་བདག་ལུ་ དྲི་བའི་སྐབས་ མོ་ཆུ་ལས་འཐེན་མི་ཆུ་དེ་ འཐུང་ནི་མེདཔ་སྦེ་ སླབ་ཡོདཔ་ཨིན་རུང་ སྒར་ཚུ་ནང་ སྡོད་མི་ཚུ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ གཙང་ཆུ་འཐུང་དོ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཙང་ཆུ་ནང་ལས་ འཐུང་ཆུ་སྦེ་ བཀྲམ་སྤེལ་འབད་ནི་དེ་ ལེགས་ཤོམ་མིན་པའི་ཁར་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོད་མི་ལུ་བརྟེན་ ཆུ་འཐེན་འཕྲུལ་ཆས་ ལག་ལེན་འཐབ་ནི་ལས་ བཀག་ཆ་འབད་ཡི་ཟེར་ཨིན་པས།
ཁ་ཙ་ལས་ ལྕང་ཡུལ་ལུ་སྡོད་མི་ དད་ཅན་ཚུ་གི་དོན་ལུ་ ཁྲོམ་སྡེའི་ཁ་ཐུག་ལས་ དཀར་སྦྱིས་ས་ལས་བཏོན་མི་ ཆུ་རྐ་དེ་ སྤུས་ཚད་དང་ ལྡན་ཏོག་ཏོ་ཡོདཔ་ལས་ དེ་ནང་ལས་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བསྟན་འཛིན་གྱིས་འབད་བ་ཅིན་ ཁོང་གི་ འགན་ཁུར་ངོ་མ་ར་ བཞེས་སྒོ་དང་ བཟའ་འཐུང་ཚུ་གི་ སྤུས་ཚད་ལྟ་རྟོག་ འབད་ནི་དེ་ཨིནམ་བཞིན་དུ་ ཁོང་གིས་ ད་ཚུན་གྱི་བར་ན་ ས་གནས་ནང་ བཙུགས་ཡོད་མི་ བཟའ་ཁང་ཚུ་ནང་ ཞིབ་དཔྱད་རྐྱབ་ད་ བཟའ་འཐུང་གི་རིགས་ཚུ་  སྤུས་ཚད་དང་ལྡནམ་སྦེ་ཡོདཔ་ མཐོང་ཅི་ཟེར་ཨིན་པས།
སྤུ་ན་ཁ་རྫོང་བདག་ ཀུན་བཟང་ཨེན་ཚེ་རིང་གིས་ གལ་སྲིད་ རྫོང་ཁག་ལས་ གནང་བ་མེད་པར་ བཟའ་ཁང་བཙུགས་མི་རེ་ འཐོན་པ་ཅིན་ དེ་འཕྲོ་ལས་ བདའ་གཏང་ནི་ཨིན་ཟེར་ སླབ་ཨིན་པས།
བཀྲིས་སྐྱིད་ཚོང་ལས་ཀྱི་ཇོ་བདག་ བདེ་སྐྱིད་དབང་མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ མོ་ཆུ་འཐུང་དོ་ཡོདཔ་སྦེ་ སླབ་མི་དེ་  མི་བདེན་པའི་ཁར་ གཙང་ཆུའི་ནང་ འཕྲུལ་འཁོར་བཙུགས་མི་དེ་ གོ་ལ་འཁྱུ་ནིའི་དོན་ལུ་རྐྱངམ་གཅིག་ཨིནམ་ལས་ ཧེ་མར་ ཀུན་གསལ་གྱིས་ གནས་ཚུལ་གསལ་བཀོད་འབད་མི་དེ་ཡང་ མི་བདེན་ཟེར་ཨིན་པས།
ཚོང་ལས་ཀྱིས་བཟོ་མི་ སྒར་ནང་སྡོད་མི་ ཨཔ་འབྲུག་སྒྲ་གིས་ སླབ་མིའི་ནང་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ ཆུ་འཐེན་འཕྲུལ་བཙུགས་མ་ཆོགཔ་སྦེ་ བཟོ་བའི་ཤུལ་ལས་ གཙང་ཆུ་འཐུང་དགོཔ་ མ་ཐོན་པའི་ཁར་ ད་རེས་ གཙང་ཆུའི་བཀྱག་ཡང་ མ་འདྲཝ་སྦེ་ ཧིང་སངས་ས་མཐོངམ་མས་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ སངས་རྒྱས་ལྷ་མོ་གིས་ སླབ་མིའི་ནང་ ལྕང་གཡུས་ལུ་ འཐུང་ཆུའི་དཀའ་ངལ་མེད་པའི་ཁར་ བཀྲིས་སྐྱིད་ཚོང་ལས་ཀྱི་ ཁང་མིག་ནང་ སྡོད་མི་ཚུ་ལུ་ ད་ལས་ཕར་ ཆུ་ཐེབས་སྦེ་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ དཀའ་ངལ་མི་འབྱུང་ཟེར་ཨིན་པས།
གཙང་ཆུ་ལག་ལེན་འཐབ་མིའི་སྐོར་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལྕང་གཡུས་ལུ་སྡོད་མི་ཚུ་ལུ་ དྲི་བཀོད་འབད་དེ་ དབྱེ་ཞིབ་ལེགས་ཤོམ་མ་འབད་བས་ཟེར་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment