གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་ འབད་འབདཝ་མེད་པའི་ གྲུབ་འབྲས་གསལ་ཐོན།

༡༠/༠༡/༢༠༡༣། ༉ བསམ་རྩེ་ རྡོ་རོ་ཁ་ལུ་ སྐྱེས་ལོ་༡༣ ལང་མི་ བུཚ་༡ གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་༡ ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་ཐད་ཁར་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བའི་ཤུལ་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ རྟགས་མཚན་མེད་པའི་ གྲུབ་འབྲས་གསལ་ཐོན་བྱུང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ ཡིག་ཚང་ཁ་ཐུག་ལས་ སྐྱེས་ལོ་༡༣ ལང་མི་ བུཚ་དེ་ལུ་ བྱིས་པ་སྐྱེས་ལོ་༡༢ མན་ཆད་དང་ ཡང་ཅིན་ ལྕོགས་གྲུབ་ཅན་ ཨིན་ན་མེན་ནའི་ ཤེས་རྟོགས་ཡོད་རུང་མེད་རུང་ འདོད་སྤྱོད་འབད་བ་ཅིན་ རྩོད་ཟླ་དེ་ ཁྲིམས་ལུགས་ལྟར་དུ་ དུས་མིན་བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིན་པའི་ ཉེས་འཛུགས་འབད་དགོཔ་ཨིན་པས།


རྡོ་རོ་ཁའི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དོན་ཚན་༡༨༡ པ་དང་འཁྲིལ་ཏེ་ ཉེས་འཛུགས་འབད་ཡི་ཟེར་ཨིན་པས།

སྐྱེས་ལོ་༡༣ ལང་མི་བུཚ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་སྟེ་ ཉིན་གྲངས་༩ ལང་ཡོདཔ་བཞིན་དུ་ ཁོ་གི་ཕམ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བུམོ་ཅུང་དེ་གི་ ཨ་པ་དང་ ཁོང་གི་བར་ན་ དགའཝ་མ་དགའཝ་ཡོདཔ་ལས་བརྟེན་ ཁྲིམས་སྲུང་འགག་པ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ ཁོ་གི་བུ་དེ་ དོ་དམ་འོག་ལུ་ བཞགཔ་མས་ཟེར་ཨིན་པས།


བུཚ་དེ་གི་ ཨ་པ་གིས་འབད་བ་ཅིན་ དེ་ཚེ་ཉིན་མ་ བུམོ་ཅུང་དེ་ ཁོང་གི་ཁྱིམ་ནང་ ཨ་ལུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་བར་འོང་ཡོདཔ་བཞིན་དུ་ ཁྱིམ་ཚང་གི་ ཨ་ལུ་ལྟ་མི་ བུམོ་དེ་གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་གི་ ཕམ་ཚུ་ལུ་ བུཚ་དེ་གིས་ བུམོ་ཅུང་དེ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་དེས་ཟེར་ སླབ་ཡོད་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ ཁོ་གི་བུ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་ཡོད་པའི་ ཉེས་འཛུགས་འབདཝ་མས་ཟེར་ཨིན་པས།


བུཚ་དེ་གི་ཨ་པ་ སྲུང་རྒྱབ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་དེ་གི་ ཨ་པ་དང་ ཁོ་གི་ཆ་རོགས་༢ ཆ་ར་ ཁྲིམས་སྲུང་འགག་པ་ཨིནམ་བཞིན་དུ་ ཁོང་༢ ཀྱིས་ ཁོ་གི་བུ་དེ་ ཁྱིམ་ནང་བཙུགས་ཏེ་ སྒོ་བསྡམས་བཞག་ཞིནམ་ལས་ དྲི་བ་བཀོད་དེ་ ཚར་༢ སླབ་བཅུག་པའི་ཤུལ་ལུ་ ད་ལྟོ་འབད་བའི་བསྒང་ལས་ དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་པའི་ ཉེས་འཛུགས་འབདཝ་མས་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གིས་ ཁོ་ར་ ག་ཏེ་བསྐྱལ་རུང་བསྐྱལ་ ཁོ་གི་བུ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་ནི་དང་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་ནིའི་དབང་ཚད་ཡོད་ཟེར་ སླབ་མས་ཟེར་ཨིན་པས།


བུཚ་གི་ཨ་པ་དེ་ རྡོ་རོ་ཁ་ ཁྲིམས་འདུན་གྱི་ སྲུང་རྒྱབ་ཨིནམ་བཞིན་དུ་ ཁོ་གིས་འབད་བ་ཅིན་ ཁྱིམ་ཚང་གི་ ཨ་ལུ་ལྟ་མི་དེ་གིས་ བྱུང་རྐྱེན་དེ་གི་སྐོར་ལས་ སླབ་པའི་ཤུལ་ལུ་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།


ཁོ་གིས་ ཁོ་གི་བུམོ་དང་ སྐྱེས་ལོ་༡༣ ལང་མི་ བུཚ་དེ་ལུ་ དྲི་བཀོད་འབདཝ་ད་ ཁོང་༢ གཅིག་ཁར་ཉལ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་རུང་ བྱུང་རྐྱེན་དེ་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ཨིན་རུང་ སྨན་ཁང་ནང་ གསོ་བའི་བརྟག་དཔྱད་ཀྱི་དོན་ལུ་ སྤྱི་ཚེས་༢༩ ལུ་ རྐྱངམ་གཅིག་འབག་ཚུགས་ཡི་ཟེར་ཨིན་པས།


མ་གཞི་ ཁོང་༢ གཅིག་ཁར་ཉལ་ཡོདཔ་ ངེས་བདེན་ཨིན་ཟེར་ བུམོ་ཅུང་དེ་གི་ ཨ་པ་གིས་ སླབ་ཡོདཔ་མ་ཚད་ བྱུང་རྐྱེན་བྱུང་སའི་ས་གནས་ལས་ འགོ་བཙུགས་ཏེ་ སྟོན་བྱིན་དེས་ཟེར་ཨིན་པས།


ཁྱིམ་ཚང་གི་ ཨ་ལུ་ལྟ་མི་དེ་གིས་ ཧེ་མ་འབད་བ་ཅིན་ བུཚ་དེ་གིས་ བུམོ་ཅུང་དེ་ དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་དེས་ཟེར་ སླབ་ཡོདཔ་ཨིན་རུང་ ད་ལྟོ་འབད་བའི་བསྒང་ལས་ ཁོང་༢ འུ་བཀལ་སར་རྐྱངམ་གཅིག་ མཐོང་ཡི་ཟེར་ སླབ་མས་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་ཨིན་པས། 


ཞི་གཡོགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐའ་ཟུར་གཡུས་ཚན་ཚུ་ནང་ ཨ་ལུ་གཅེས་སྐྱོང་སྡེ་ཕྲན་ སོ་སོར་སྦེ་ མེད་ནི་དེ་གིས་ ཨ་ལུ་ཚུ་ཡང་ བཙོན་པ་གཞན་ཚུ་དང་གཅིག་ཁར་ བཞག་དགོཔ་ཐོནམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།


No comments:

Post a Comment