གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༧༢ ཀྱི་ནང་འཁོད་ལུ་ འབྲུག་གི་ས་ཁྱོན་ལུ་ ཉམས་ཉེན་ཡོད་པའི་ཚ་གྱང་།

༡༧/༡/༢༠༡༣     ༉ འབྲུག་གི་མཐའ་འཁོར་གནས་སྟངས་ཀྱི་ གནས་ཚད་སྙན་ཞུ་ཟིན་བྲིས་༢༠༡༢ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མཐའ་འཁོར་གནས་སྟངས་མར་ཉམས་ཀྱི་ གནས་ཚད་དེ་ ད་རེས་བཟུམ་སྦེ་ར་གནས་པ་ཅིན་ ལོ་ངོ་༧༢ ཀྱི་ནང་འཁོད་ལུ་ འབྲུག་གི་ ས་ཆ་ག་ར་ ཉམས་ཉེན་འདུག་ཟེར་ཨིན་པས།


རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ བསྡུ་སྒྲིག་འབད་མི་ ཟིན་བྲིས་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ས་ཆ་དེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༡.༤ དེ་ཅིག་ ཉམས་སྐྱོན་བྱུང་དོ་ཡོདཔ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ ནགས་ཚལ་བརྒྱ་ཆ་༡.༥ དེ་ཅིག་ མར་ཉམས་འགྱོ་མི་དང་ཕྱདཔ་ད་ ལོ་རེ་ལུ་ ཤིང་གི་ལྕངམ་ཚུ་བཙུགས་ཏེ་ ནགས་ཚལ་གསོ་སྐྱོང་འབད་མི་དེ་ བརྒྱ་ཆ་༠.༡༡ དེ་ཅིག་ལས་ མེད་ནི་དེ་གིས་ཨིན་པས།
དེ་སྦེ་ ལོ་བསྟར་བཞིན་དུ་ མཐའ་འཁོར་གནས་སྟངས་ནང་ ས་ཆའི་རང་བཞིན་ལུ་ མར་ཉམས་བརྒྱ་ཆ་༡.༤ བྱུང་དོ་ཡོད་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༠༤ ལུ་ ནགས་ཚལ་ཧེག་ཊར་༣༢,༣༥༦ དེ་ཅིག་ ཉམས་ཆག་བྱུང་མི་དེ་༧ གྱུར་གྱིས་ ཡར་སེང་ཐོག་ སྤྱི་ལོ་༢༠༠༧ ལུ་ ནགས་ཚལ་ཧེག་ཊར་༢༣༦,༧༠༠ དེ་ཅིག་ མེདཔ་བཏང་ནུག་ཟེར་ཨིནམ་ད་ འབྲུག་གི་ས་ཆ་ བརྒྱ་ཆ་ལས་༧༠ ནགས་ཚལ་གྱིས་ ཁྱབ་སྟེ་ཡོད་པའི་ཁར་ བཟའ་སྤྱོད་འབད་མི་ ས་ཆ་དེ་ བརྒྱ་ཆ་༣ མ་ལངམ་ཅིག་ལས་ མེདཔ་ཨིན་པས།
ཟིན་བྲིས་སྙན་ཞུ་དང་འཁྲིལཝ་ད་ ལོ་ཨ་རྟག་ར་ སོ་ནམ་བཟའ་སྤྱོད་ཀྱི་ས་ཞིང་དང་ གཞུང་འབྲེལ་ཉམས་སྲུང་ཅན་གྱི་ ནགས་ཚལ་མང་རབས་ཅིག་ གོང་འཕེལ་གྱི་ ལས་སྣ་ཚུ་གི་དོན་ལུ་ བསྒྱུར་བཅོས་འབད་དགོཔ་ཐོན་ནུག་ཟེར་ཨིན་པས།
ས་ཆ་ལྷན་ཚོགས་དང་ སོ་ནམ་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ དང་༢༠༠༨ ལུ་ བཟའ་སྤྱོད་བཏུབ་པའི་ས་ཆ་ ཧེག་ཊར་༤༧༠.༨ དེ་ཅིག་ གནད་དོན་གཞན་གྱི་དོན་ལུ་ བསྒྱུར་བཅོས་འབད་ནུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་ དེ་བཟུམ་མའི་ ས་ཆ་ཧེག་ཊར་༧༧༣.༡༤༥ གནད་དོན་གཞན་གྱི་དོན་ལུ་ ལག་ལེན་འཐབ་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ གནད་དོན་གཞན་གྱི་དོན་ལུ་ ས་ཆ་བསྒྱུར་བཅོས་འབད་བའི་ གནས་སྟངས་དེ་ སྤྱི་ལོ་༡༩༩༧ ལས་༢༠༠༧ ཚུན་ ས་ཆ་ཧེག་ཊར་༡༦ དེ་ཅིག་ གནད་དོན་གཞན་གྱི་དོན་ལུ་ བསྒྱུར་བཅོས་འབད་མི་དང་ཕྱདཔ་ད་ ཡར་སེང་སྦོམ་སོང་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ལུ་ ཉམས་སྐྱོན་རྒྱ་ཆེ་དྲགས་སྦེ་ར་ བྱུང་ཡོདཔ་ཨིན་པས།
འདས་པའི་ལོ་༣ གྱི་ནང་འཁོད་ལུ་ གཞུང་འབྲེལ་ཐོག་ ཉམས་སྲུང་འབད་མི་ ནགས་ཚལ་ཚུ་ལས་ ནགས་ཚལ་བསྡོམས་ཨེ་ཀར་༢༢,༢༣༥.༣༤ དེ་ཅིག་ སློབ་གྲྭ་དང་ སྨན་ཁང་ གློག་མེ་བཀྲམ་སྤེལ་ དེ་ལས་ ཞིང་ལམ་བསལ་ནིའི་དོན་ལུ་ གཏང་དགོཔ་ཐོན་ཏེ་ མར་ཉམས་སོང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ དང་༢༠༡༡ གི་བར་ན་ ཉམས་སྲུང་ཅན་གྱི་ནགས་ཚལ་ གནད་དོན་གཞན་གྱི་དོན་ལུ་ ལག་ལེན་འཐབ་མིའི་ནང་ལས་ བརྒྱ་ཆ་༤༥ གློག་མེ་བཀྲམ་སྤེལ་གྱི་དོན་ལུ་ གློག་ཐག་སྤྲིངས་ནིའི་ ས་ཁོངས་ཀྱི་དོན་ལུ་དང་ སོ་ནམ་ཞིང་ལམ་ཚུ་གི་དོན་ལུ་ བཏང་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་མ་ཚད་ ས་གཏེར་ལས་འགུལ་དང་ རྡོ་བཏོན་ས་ཁོངས་ གློག་མེ་ལས་འགུལ་ དེ་ལས་ རྩྭ་འབྲོག་གོང་འཕེལ་ལས་རིམ་ཚུ་གིས་ཡང་ ནགལ་ཚལ་ལུ་ ཉམས་སྐྱོན་འབད་ནུག་ཟེར་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment