གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ དཔལ་འབྱོར་གོང་འཕེལ་ལུ་དམིགས་པའི་འཆར་བཀོད།

༢/༣/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ བརྡ་བརྒྱུད་ཚུ་ལུ་ གསལ་བཤད་འབད་མི་དང་འཁྲིལཝ་ད་ མ་གཞི་ འབྲུག་ལུ་ དཔལ་འབྱོར་གོང་འཕེལ་ལེགས་ཤོམ་སོང་བའི་ཁར་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་གྱི་ གྲུབ་འབྲས་ཚུ་ཡང་ ངལ་རངས་ཏོག་ཏོ་སྦེ་ བྱུང་ཡོདཔ་ཨིན་རུང་ དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ གནད་དོན་ལེ་ཤ་ཅིག་ནང་ ལེགས་འགྱུར་བྱུང་མ་ཚུགས་པར་ འདུག་ཟེར་ཨིན་པས།


དེ་ཡང་ དཔལ་འབྱོར་གོང་འཕེལ་གྱི་གཞི་རྩ་ འོས་ལྡན་མེད་པའི་ཁར་ གློག་མེ་ལས་འགུལ་ཚུ་ནང་ ས་གནས་ཀྱི་ མི་སེར་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ ཉུངམ་མ་ཚད་ དཔལ་འབྱོར་གོང་འཕེལ་གྱི་ ལས་དོན་ཚུ་ནང་ སྒེར་སྡེ་ཚུ་གིས་ འབྲེལ་གཏོགས་འབད་ནིའི་ གོ་སྐབས་རྒྱ་བསྐྱེད་མེདཔ་ཨིན་པས།
སྒེར་སྡེ་གོང་འཕེལ་གྱི་དོན་ལུ་ འཛིན་སྐྱོང་ལས་དོན་ནང་ ཚད་འཛིན་འབད་མི་ཚུ་གིས་ གོ་སྐབས་དམ་འཛིན་གྱི་ གནས་སྟངས་ཚུ་ལེགས་བཅོས་འབད་དགོཔ་ འདུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ ཤེས་ཚད་ཅན་གྱི་ མི་འབོར་གྱངས་ཁ་ ཡར་སེང་འགྱོ་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་མ་ཐོབ་པའི་ དོ་འགྲན་ཚུ་ཡང་ ཡར་སེང་འགྱོ་བཞིན་དུ་ཡོད་ཟེར་ ལི་ལང་དབང་ཕྱུག་གིས་ བཤདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ལཱ་གཡོག་གི་གོ་སྐབས་ རྒྱ་བསྐྱེད་འབད་ཐབས་ལུ་ ལཱ་གཡོག་ལམ་སྟོན་ལས་སྡེ་ཅིག་ གཞི་བཙུགས་འབད་དགོཔ་ཡོད་ཟེར་ཨིན་པས།
ལས་སྡེ་དེ་གིས་ སློབ་གྲྭ་བཤོལ་བཞག་འབད་མི་ཚུ་ རྐྱངམ་གཅིག་མེན་པར་ ལཱ་འཚོལ་མི་ ག་ར་འབད་རུང་ དེ་ཚུ་དང་ ལས་མི་དགོ་མི་ ཇོ་བདག་ཚུ་གི་བར་ན་ མཉམ་འབྲེལ་ཐོག་ལས་ ལཱ་གཡོག་འཚོལ་ཐབས་འབད་ནིའི་ གོ་སྐབས་དང་ འོས་འབབ་ཚུ་ མཐོངམ་མས་ཟེར་ཨིན་པས།
དེ་གིས་ ལཱ་གཡོག་མེད་པའི་དཀའ་ངལ་ སེལ་ཐབས་འབད་ཚུགས་པའི་ འོས་འབབ་ཡོདཔ་མ་ཚད་ ལས་མི་མ་ཐོབ་པའི་ དཀའ་ངལ་དང་ རྒྱ་གར་ལས་ ལས་མི་ཁྱིད་འོང་ཞིནམ་ལས་ སྔོན་སྤྲོད་ཏི་རུ་འབག་སྟེ་ བྱོག་འགྱོ་བའི་ གནད་དོན་ཚུ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ཡང་ བསལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ དཔལ་འབྱོར་གོང་འཕེལ་ནང་ སྒེར་སྡེ་གོང་འཕེལ་གཏང་ནི་དེ་ གལ་ཅན་ཅིག་སྦེ་ བརྩི་འཇོག་ཡོད་རུང་ སྒེར་སྡེ་གོང་འཕེལ་ལུ་ ལྷན་ཐབས་ཅན་གྱི་ སྲིད་བྱུས་རིང་ལུགས་ཚུ་ གངམ་མིན་འདུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ འབྲུག་སྤྱིར་དབང་ཚོགས་པའི་ གཙོ་རིམ་ཅན་གྱི་ ལས་རིམ་༢༥ འི་གྲས་ཁར་ གཅིག་ དཔལ་འབྱོར་གོང་འཕེལ་དེ་ཨིནམ་ད་ དཔལ་འབྱོར་གོང་འཕེལ་གྱི་ ལས་རིམ་འགོ་འདྲེན་འཐབ་ནིའི་དོན་ལུ་ དོན་ཚན་༥ ལུ་ གཙོ་བོར་བཏོན་ནི་གི་ ཁས་ལེན་འབདཝ་ཨིན་པས།
ཚོགས་པའི་ཁྲི་འཛིན་གྱིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཤད་འབད་མི་དང་འཁྲིལཝ་ད་ དོན་ཚན་༥ པོ་དེ་ དང་པ་ར་ དཔལ་འབྱོར་རང་དབང་ཐོག་ རང་མགོ་རང་འདྲོང་བཟོ་ཐབས་ལུ་ ཁྱད་རིག་ཅན་གྱི་ གསར་གཏོད་རིག་རྩལ་དང་ ཞིབ་འཚོལ་ཐོག་གི་ དཔལ་འབྱོར་རིག་རྩལ་གསརཔ་གི་ ལྕོགས་གྲུབ་ཅན་ཚུ་ལུ་ རྒྱབ་སྐྱོར་དང་ རོགས་རམ་ཚུ་ལུ་ གཙོ་བོར་བཏོན་ནི་དེ་ཨིན་པས།
དེ་ལས་ དོན་ཚན་༢ པའི་ནང་ ས་གནས་ཁག་ཚུ་ནང་ ཁྱད་པར་མེད་པར་ གོང་འཕེལ་གྱི་ ཁྱབ་ཚད་ཡོདཔ་བཟོ་ནི་ལུ་ གཙོ་བོར་བཏོན་ཐོག་ལས་ ས་གནས་ཁག་གི་མི་སྡེ་ཚུ་ཡང་ རང་མགོ་རང་འདྲོང་བཟོ་ནི་ལུ་ གཙོ་བོར་བཏོན་དགོཔ་སྦེ་ཨིན་པས།
དོན་ཚན་༣ པའི་ནང་ རྫོང་ཁག་དང་ ལུང་ཕྱོགས་ དེ་ལས་ མི་སྡེའི་བར་ན་ དཔལ་འབྱོར་གནས་སྟངས་ཀྱི་ ཁྱད་པར་ཆགས་མི་ཚུ་ མར་ཕབ་འབད་ཐབས་ལུ་དམིགས་པའི་ དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་ཚུ་ལུ་ གཙོ་བོར་བཏོན་དགོཔ་སྦེ་ཨིན་པས།
དེ་དང་འདྲཝ་སྦེ་ འོང་འབབ་ཀྱི་ཁྱད་པར་དང་ མཐུན་རྐྱེན་གྱི་ཁྱད་པར་མར་ཕབ་ཐོག་ལས་ སྡེ་ཁག་ཚུ་ནང་ མཐུན་རྐྱེན་ཚུ་ འདྲ་མཉམ་ཁྱབ་སྤེལ་འབད་ནི་དང་ མཇུག་ར་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་རླབས་ཅན་གྱི་ གནས་སྟངས་ལེགས་བཅོས་འབད་ནི་ཚུ་ནང་ གཙོ་བོར་བཏོན་ནི་དེ་ འབྲུག་སྤྱིར་དབང་ཚོགས་པའི་ དཔལ་འབྱོར་བསམ་གཏན་ཡེ་ཤེས།

No comments:

Post a Comment