གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནུབ་ཕྱོགས་རྒྱལ་ཁབ་ནང་ ས་སྣུམ་པེ་ཊོལ་དངུལ་ཀྲམ་༢ མར་བབས་སོང་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡༦ གི་ ནུབ་མོ་ལས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ས་སྣུམ་པེ་ཊོལ་གྱི་གོང་ཚད་དེ་ དངུལ་ཀྲམ་༢ ལྷགཔ་ཅིག་གིས་ མར་བབས་སོང་མི་དེ་ ལོ་ངོ་ཅིག་ནང་ གོ་རིམ་བཞིན་དུ་ གོང་ཚད་ཡར་སེང་ འགྱོ་བའི་ཤུལ་ལས་ མར་ཕབ་རྐྱབ་མི་དེ་ འགོ་དང་པ་ཨིན་པས།

 
བསྟན་རྒྱས་ལྷན་ཁག་འོག་གི་ བསྟན་རྒྱས་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ རྒྱ་གར་གྱི་ས་སྣུམ་ བཱ་རཊ་དང་ ཨིན་ཌི་ཡཱན་ཨོ་ཡེལ་ལས་སྡེ་གཉིས་ལས་ ནང་འདྲེན་འབད་མི་ལས་ ད་ལྟོ་ བཱ་རཊ་ས་སྣུམ་གྱིས་ གོང་ཚད་མར་ཕབ་སོང་བའི་སྐོར་ སྙན་ཞུ་ལྷོད་ཡོདཔ་ལས་ ལས་སྡེ་གིས་ འབྲུག་གི་ནུབ་ཕྱོགས་རྫོང་ཁག་ཚུ་ནང་ བཀྲམ་སྤེལ་འབད་ནི་དེ་གིས་ ད་རེས་ གོང་ཚད་དེ་ མར་ཕབ་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ཁ་ཉིནམ་ཕྱི་རུ་ལས་ ས་སྣུམ་པེ་ཊོལ་གྱི་གོང་ཚད་ དངུལ་ཀྲམ་༦༧.༣༣ གནས་མི་ལས་ དངུལ་ཀྲམ་༦༥.༢༡ ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་རུང་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ ཨིན་ཌི་ཡཱན་ཨོལ་ཡེལ་ལས་སྡེ་གིས་ བཀྲམ་སྤེལ་འབད་ནི་དེ་གིས་ གོང་ཚད་མར་ཕབ་སྐོར་ལས་ ལས་སྡེ་གིས་ བསྟན་རྒྱས་ལས་ཁུངས་ནང་ སྙན་ཞུ་མ་ལྷོད་མི་ལུ་བརྟེན་ གོང་ཚད་དེ་ ཧེ་མ་བཟུམ་སྦེ་ར་ གནས་ནི་ཨིན་རུང་ འཕྲལ་མགྱོགས་ར་ གོང་ཚད་ཀྱི་ སྙན་ཞུ་ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ མདོ་ཆེན་གྱིས་བཤད་ཅི།
བསྟན་རྒྱས་ལྷན་ཁག་གིས་ ཌི་ཟིལ་གྱི་གོང་ཚད་ཡང་ མར་ཕབ་འགྱོ་ཡོདཔ་སྦེ་ བཤདཔ་ཨིན་རུང་ ཐིམ་ཕུ་ལུ་ཡོད་མི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་གིས་འབད་བ་ཅིན་ གོང་ཚད་ལུ་ བསྒྱུར་བ་མེད་ཟེར་ཨིན་པས།
རྒྱ་གར་གྱི་རྒྱང་མཐོང་ ཨེན་ཌི་ཊི་བི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ པེ་ཊོལ་གྱི་གོང་ཚད་དེ་ རྒྱལ་སྤྱི་ནང་ བེ་རལ་རེ་ལུ་ དངུལ་ཀྲམ་ཡུ་ཨེསི་ཌོ་ལར་༣ ལྷགཔ་ཅིག་ མར་ཕབ་སོང་མི་ལུ་བརྟེན་ ཨིནམ་སྦེ་ བཤད་ཡོདཔ་ད་ པེ་ཊོལ་གྱི་གོང་ཚད་དེ་ སྤྱི་ཟླ་༢ པའི་ནང་ ཐེངས་གཉིས་རེ་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱ་གར་ལས་སྡེ་གཉིས་ཀྱིས་ རྫོང་ཁག་སོ་སོ་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ ས་སྣུམ་གྱི་ གོང་ཚད་ལུ་ ཕྱེད་ཀྲམ་དག་པ་ཅིག་གི་ ཁྱད་པར་ཞུགས་འོང་ཟེར་ཨིནམ་ད་ དེ་ཡང་ རྫོང་ཁག་སོ་སོའི་ནང་ སྐྱེལ་འདྲེན་གྱི་གནས་སྟངས་དང་འཁྲིལ་ གོང་ཚད་ལུ་ ཁྱད་པར་ཞུགསཔ་ཨིན་ཟེར་ ཨིན་པའི་གནས་ཚུལ། 
                                                                                                                                                                  བཀྲ་ཤིས་བསྟན་འཛིན།


No comments:

Post a Comment