གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕམ་སྒང་བཙོན་ཁང་ནང་ལས་ བཙོན་པ་ཅིག་ བྱོག་སོང་ཡོདཔ།

  སྤྱི་ཟླ་༣ པའི་ཚེས་༡༧ གྱི་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཐིམ་ཕུ་ལྕམ་སྒང་བཙོན་ཁང་ལྟེ་བ་ནང་ལས་ བཙོན་པ་ཅིག་གིས་ བྲོས་ཟུར་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བསམ་རྩེ་རྫོང་ཁག་ གདུང་སྟོད་ལས་ཨིན་མི་ སྐྱེས་ལོ་༢༩ འབད་མི་ ཀཱན་ཅ་ རའི་དེ་ སྤ་རོ་ལུ་ མཆོད་རྟེན་སློངས་བའི་ འབྲེལ་གནད་ལུ་བརྟེན་ སྤྱི་ལོ་༢༠༠༡ ཟླ་༨ པའི་ནང་ བཙོན་ཁང་ནང་ བཙུགས་ཡོདཔ་ཨིན་པས།
ཚེ་བཙོན་ཕོག་མི་ ཕོ་སྐྱེས་དེ་ ད་རེས་ཁམས་ བཙོན་ཁང་ནང་ ཐབ་ཚང་པའི་ ལཱ་འབད་བའི་སྐབས་ ཁོ་རའི་ལག་པར་ རྨ་སྐྱོན་དུམ་གྲ་ཅིག་ བྱུང་མི་ལུ་བརྟེན་ གཞི་རྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་ ཁྱིད་སོང་སྟེ་ ཁྲིམས་སྲུང་འགག་པ་༢ ཀྱིས་ ནུབ་མོར་བཙོན་ཁང་ནང་ ལོག་ཁྱིད་འོང་པའི་སྐབས་ བྲོསཟུར་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ལས་ལྷོད་མི་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལ་བ་ཅིན་ གལ་སྲིད་མི་ཚུ་གིས་ བཙོན་པ་དེ་གི་སྐོར་ལས་ བརྡ་དོན་སྤྲོད་ཐོག་ལས་ འཛིན་བཟུང་འབད་ཚུགས་པ་ཅིན་ བརྡ་དོན་སྤྲོད་མི་དེ་ལུ་ ངལ་རངས་ཀྱི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ བྱིན་ནི་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ ཐིམ་ཕུའི་ས་ཁོངས་ཚུ་ནང་ སྣུམ་འཁོར་ཚུ་ དམ་དམ་སྦེ་ དབྱེ་ཞིབ་འབད་དོ་ཡོདཔ་མ་ཚད་ བཙོན་པ་དེ་ འཚོལ་ནིའི་དོན་ལུ་ ལྕམ་སྒང་དང་ སྤ་རོའི་ས་གནས་ཚུ་ནང་ ཁྲིམས་སྲུང་འགག་པ་ཚུ་ གྱངས་ཁ་ཡར་སེང་ཐོག་ བཙུགས་དོ་ཟེར་ཨིན་པས།
ཨིན་རུང་ ཀུན་གསལ་གྱི་ འདས་པའི་གནས་ཚུལ་ཅིག་དང་འཁྲིལཝ་ད་ སྐྱེས་ལོ་༡༧ སྦེ་སྡོད་པའི་སྐབས་ ཚེ་བཙོན་ནང་བཏང་མི་ ཀཱན་ཅ་ རའི་དེ་ ཆུ་ཁ་རྫོང་ཁག་ གུང་ཁ་གཡུས་ཚན་ནང་ལས་ཨིནམ་སྦེ་ བཀོད་དེ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༠༡ ཟླ་༦ པའི་ཚེས་༢༧ གྱི་ནུབ་མོ་ སྤ་རོ་ནག་རྒྱ་རྒེད་འོག་ ཚེ་དགོན་ལྷ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ མཆོད་རྟེན་རྙིངམ་༢ སློངས་ཡོདཔ་སྦེ་ བཀོད་ནུག།
མཆོད་རྟེན་དེ་༢ ཀྱི་ནང་ལས་ ཀཱན་ཅ་ རའི་གིས་ རྒྱུ་ཟངས་ལས་བསྒྲུབས་པའི་ རྡོར་སེམས་ཡབ་ཡུམ་གྱི་སྐུ་འདྲ་ཚུ་ བཏོན་འབག་སྟེ་ རྒྱ་གར་གྱི་ས་མཚམས་ཁྲོམ་ཁར་ བཙོང་ཡོདཔ་སྦེ་ བཀོད་དེ་ཡོད་པའི་གནས་ཚུལ།

                                                                                                                                                                              ཉི་མ་དབང་འདུས

No comments:

Post a Comment