གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་གསུམ་ནང་ གདམ་ངོ་ཚུ་ བཏོན་པའི་བསྒང་ཡོདཔ།

༢༠/༠༣/༢༠༡༣ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ དབང་འདུས་རྫོང་ཁག་ནང་ འདེམས་ངོ་༣ དང་ སྤུ་ན་ཁ་གིས་ གདམ་ངོ་༡ བཏོན་པའི་ཁར་ མགར་ས་རྫོང་ཁག་གི་དོན་ལུ་ འདེམས་ངོ་༢ ཡོདཔ་ཨིན་པས། 
ཝང་ཁྲོམ་ལས་ གདམ་ངོ་ཕྱག་རྡོར་རྣམ་རྒྱལ་གྱིས་ ཁོ་ར་ལུ་ གསང་བའི་ཚོགས་རྒྱན་བཙུགས་པའི་བསྒང་།


དབང་འདུས་ཕོ་བྲང་ རུ་སྦིས་ས་རྒེད་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་དེ་ བཀྲིས་རྡོ་རྗེ་ཨིནམ་ད་ ཁོ་གིས་ ཁ་ཙ་ རྒེད་འོག་འཛོམས་འདུའི་ནང་ དགོ་གི་ཚོགས་རྒྱན་༢༥༨ ཐོབ་སྟེ་ ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྒེད་འོག་ལས་ བཙག་འཐུ་གྲུབ་ཅི།

བཀྲིས་རྡོ་རྗེ་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པ་འགོ་འདྲེན་འཐབ་པའི་སྐབས་ ཝང་ཁྲོམ་ལས་ གདམ་ངོ་ཕྱག་རྡོར་རྣམ་རྒྱལ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིནམ་ད་ ཕྱག་རྡོར་རྣམ་རྒྱལ་གྱིས་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ ཝང་ཁྲོམ་གྱི་ འཛོམས་འདུའི་སྐབས་ ཚོགས་རྒྱན་༦༢ ཐོབ་སྟེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ནུག།
གལ་སྲིད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་དབྱངས་ཅན་དེ་ ཉི་ཤོ་རྒེདའོག་ལས་ གདམ་ངོ་སྦེ་ བཙག་འཐུ་གྲུབ་པ་ཅིན་ རྫོང་ཁག་ནང་ལས་ དོ་འགྲན་འབད་མི་༣ འོང་ནི་ཨིནམ་ད་ མོ་གིས་ བཙག་འཐུ་ཐེངས་༢ པའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ ཚུལ་ཁྲིམས་བཟང་པོ་གིས་ སླབ་མིའི་ནང་ བསོད་ནམས་དབྱངས་ཅན་དེ་ ཚོགས་སྡེའི་བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནིའི་ དང་འདོད་ཡོད་ལུགས་ ཁ་ཙ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
གལ་སྲིད་ རྒེད་འོག་འཛོམས་འདུའི་ནང་ ལྷོད་མ་ཚུགས་པ་ཅིན་ འདེམས་ངོ་ཆ་མེད་གཏང་ནི་ཨིནམ་ད་ དགའ་སེང་ཚོ་གོངམ་རྒེད་འོག་ལས་ འདེམས་ངོ་སྦེ་ འཐོན་ནི་གི་ དང་འདོད་བསྐྱེད་མི་ ཀུན་ལེགས་དབང་ཕྱུག་གི་ གོ་སྐབས་དེ་ འབྱིད་སོང་མི་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ རྒེད་འོག་འཛོམས་འདུ་འཚོགས་པའི་སྐབས་ ཁོ་གིས་ བཅའ་མར་གཏོགས་ མ་ཚུགསཔ་ཨིན་པས།
ཚུལ་ཁྲིམས་བཟང་པོ་གིས་འབད་ཅིན་ འདེམས་ངོ་ཚུ་གིས་ རང་སོའི་རྒེད་འགོ་འཛོམས་འདུ་སྐབས་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ གདམ་ངོའི་གྲངས་སུ་མི་ཚུད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་ཁ་ སྟོད་དབང་རྒེད་འོག་གི་དོན་ལུ་ གདམ་ངོ་དེ་ རིག་འཛིན་རྡོ་རྗེ་ཨིནམ་ད་ ཁོ་གིས་ རྒེད་འོག་འཛོམས་འདུའི་སྐབས་ གསང་བའི་ཚོགས་རྒྱན་༢༣༣ ཐོབ་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༨ དང་ ཁུ་རུ་ཐང་ཁྲོམ་གྱི་འཛོམས་འདུ་རྩིསཝ་ད་ འཛོམས་འདུ་༩ འགོ་འདྲེན་འཐབ་རུང་ གདམ་ངོ་ ཕུད་རྡོག་གཅིག་ཡང་བཏོན་མ་ཚུགས་པས།
དགོན་ཤ་རི་རྒེད་འོག་གི་ འཛོམས་འདུ་དེ་ ད་རིས་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྟ་ལོག་རྒེད་འོག་ནང་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་གཞན་མེད་པ་ཅིན་ རྣམ་རྒྱལ་རྡོ་རྗེ་ལུ་ དགོ་དང་མི་དགོའི་ གསང་བའི་ཚོགས་རྒྱན་བཙུགས་ནི་ཨིན་པས།
མགར་ས་རྫོང་ཁག་ལུ་ རྒེད་འོག་༤ ཡོད་ས་ལས་ ལུང་ནག་ནང་གི་དོན་ལུ་ རྒེད་འོག་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ འབད་ནི་ཨིན་རུང་ ལ་ཡ་དང་ ཁ་སྟོད་ དེ་ལས་ ཁ་སྨད་རྒེད་འོག་ཚུ་ནང་ རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་གྲོལ་ཞིནམ་ལས་རྐྱངམ་གཅིག་ འབད་ནི་ཨིནམ་ད་ ཚེས་བཅུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལས་༢༢ ཚུན་ བརྩི་སྲུང་འབད་ནི་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ བསོད་རྣམས་རྡོ་རྗེ་གིས་ སླབ་མིའི་ནང་ ཚེས་བཅུའི་སྐབས་ མི་སེར་མང་ཤོས་ར་ རྫོང་ནང་འོང་དོ་ཡོདཔ་ལས་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་པ་ཅིན་ ཚོགས་རྒྱན་བཙུགས་མི་ མི་འོང་ནི་མས་ཟེར་ཨིན་པས།
མགར་ས་རྫོང་ཁག་ནང་ ཁ་སྟོད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་དང་ ཁ་སྨད་རྒེད་འོག་ལས་ འདེམས་ངོ་ ཡེ་ཤེས་རྡོ་རྗེ་༢ མ་གཏོགས་ ཚོགས་སྡེའི་བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་གཞན་མ་ཐོནམ་ཨིན་པའི་གནས་ཚུལ། 
                                                                                                   དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།




No comments:

Post a Comment