གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༠/༣/༢༠༡༣   དབང་རྫོང་གསར་བཞེངས་ནང་ གཏོར་བཞེངས་ཀྱི་རིགས་ཚུ་ ཚུལ་མཐུན་མེད་པའི་མངོན་གསལ།
༉ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་དོན་ལུ་ གལ་ཅན་ཚོགས་པ་གིས་ ཐུགས་ཀྱི་ཚ་གྱང་སྦོམ་སྦེ་བཞེས་ཏེ་ མགོན་ཁང་ཆེན་མོའི་ནང་ བཞེངས་པའི་བསྒང་ཡོད་མི་ རྟག་གཏོར་དང་ རྟེན་གཏོར་ དེ་ལས་ རྒྱུན་གཏོར་ཚུ་ལུ་ བལྟ་བ་ཅིན་ མི་སེར་ཚུ་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ ཨིན་མས་ཟེར་ཞུ་ནི།


ཨིན་རུང་ ད་རེས་ བཞེངས་པའི་བསྒང་ཡོད་མི་ རྒྱུན་གཏོར་གྱི་ མ་གཏོར་ཚུ་ ཚད་དང་མ་ལྡན་པའི་ཁར་ ལ་ལུ་ཅིག་ ཕྱི་འགྱུར་སྦེ་ བཞེངས་སར་མཐོང་མི་ལུ་བརྟེན་ གཏོརམ་བཞེངས་ཐངས་ཀྱི་སྐོར་ལས་ ཉམས་མྱོང་ཡོད་མི་དང་ ཤེས་ཚད་ཡོད་མི་ཚུ་ ཚ་གྱང་ལང་སྟེ་ འདུག་ཟེར་ཞུ་ནི།
དེ་ཡང་ ད་རེས་ཁམས་ཅིག་ཁར་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་ ས་ཁོངས་ནང་སོང་སྟེ་ ལྟ་བའི་སྐབས་ལུ་ རྟག་གཏོར་དང་ རྟེན་གཏོར་ཚུ་དང་ཕྱདཔ་ད་ བཞེངས་ནི་ལུ་ འཇམ་སུ་ཅིག་ཨིན་མི་ རྒྱུན་གཏོར་ཚུ་ར་ ཚུལ་མཐུན་མེད་པའི་ མཐོང་གསལ་བྱུངམ་ད་ ལཱ་ཁག་ཡོད་པའི་གཏོརམ་གི་རིགས་ཚུ་ ག་དེ་སྦེ་ བཞེངས་འོང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཞུ་ནི།
དཔེ་འབད་བ་ཅིན་ མ་ཎི་ཅིག་བགྱང་སྟེ་འབད་རུང་ དེ་ལུ་ བསམ་པ་དང་ སེམས་བསྐྱེད་ལས་འགོ་བཙུགས་ཏེ་ སྡོད་ཐངས་ཚུ་གི་སྐོར་ལས་ ཧ་གོ་དགོཔ་ཨིནམ་ད་ གལ་སྲིད་ ཚུལ་དང་མ་མཐུན་པའི་སྒོ་ལས་ མ་ཎི་ག་དེམ་ཅིག་ར་བགྱང་རུང་ དེ་དང་བསྟུན་པའི་ ཕན་ཡོན་ཆུང་བའི་ ཉེས་པ་ཡོད་ཟེར་ཞུ་ནི།
དེ་བཟུམ་སྦེ་ གལ་སྲིད་ ནང་རྟེན་གཏོརམ་ཚུ་ཡང་ ཚུལ་དང་མ་མཐུནམ་སྦེ་ བཞེངས་པ་ཅིན་ གཏོརམ་བཞེངས་མི་དེ་ལུ་ ཉེས་པ་ཕོགཔ་མ་ཚད་ ཐ་ན་ དད་དམ་གྱི་སྒོ་ལས་ ཕྱག་དང་མཆོད་པ་ཕུལ་མི་ཚུ་ལུ་ཡང་ ཕན་པ་ག་དེ་སྦེ་ འཐོབ་ཚུགས་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཞུ་ནི།
དེ་འབད་ནི་འདི་གིས་ ག་དེམ་ཅིག་སྦེ་ གཏོརམ་གི་ཚད་གཞི་ཚུ་གི་སྐོར་ལས་ རང་གིས་མ་ཤེས་པ་ཅིན་ མཁས་མཆོག་གཞན་ ལེ་ཤ་ཅིག་ར་ཡོདཔ་ལས་ ཁོང་ལུ་ དྲི་ཞིབ་ལེགས་ཤོམ་འབད་བ་ཅིན་ ཁུངས་དང་དགོས་པ་ཚུ་ ལེགས་ཤོམ་སྦེ་ གསལ་བཤད་འབད་བྱིན་འོང་ཟེར་ཞུ་ནི།
གནད་དོན་དེ་ལུ་བརྟེན་ གལ་ཅན་ཚོགས་པ་གིས་ དབང་རྫོང་གི་ མགོན་ཁང་དོན་ལུ་ བཞེངས་པའི་བསྒང་ཡོད་མི་ གཏོརམ་ཚུ་གི་སྐོར་ལས་ དྲི་དཔྱད་དང་ དབྱེ་ཞིབ་ཚུ་ ལེགས་པར་མཛད་གནང་པ་ཅིན་ མ་འོངས་པའི་སེམས་ཅན་དང་ རྒྱལ་ཁབ་ཀྱི་བསྟན་སྲིད་ལུ་ བསྐལ་བརྒྱའི་བར་དུ་ ཕན་ཁྱད་འབྱུང་འོང་ཟེར་ཞུ་ནི།
རྒྱལ་ཁབ་ཀྱི་མཐའ་དོན་ལུ་ དེ་བཟུམ་མའི་ གལ་གནད་ཅན་གྱི་ ཕྱག་ལཱ་ཚུ་མཛད་པའི་སྐབས་ གཞུང་གིས་ ལས་བྱེདཔ་ཚུ་གི་ ཉམས་མྱོང་དང་ ཤེས་ཡོན་ཚུ་ དབྱེ་ཞིབ་མཐིལ་ཕྱིན་སྦེ་ མཛད་གནང་པ་ཅིན་ སྤྱིར་འཛམ་གླིང་དང་ སྒོས་སུ་དཔལ་ལྡན་འབྲུག་པའི་བསྟན་སྲིད་ལུ་ ཕན་རླབས་སྦོམ་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།
 
གྲགས་པ་རྒྱ་མཚོ། ཐིམ་ཕུ།

No comments:

Post a Comment