གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་སམ་བརྒྱུད་དེ་ འགྲུལ་སྐྱོད་འབད་མི་ འབྲུག་མི་ཚུ་གི་དོན་ལུ་ ཉེན་སྲུང་ཞབས་སྐྱེལ་མཚམས་འཇོག།

༢༠/༠༣/༢༠༡༣  ༉ ད་ལས་ཕར་ ཨ་སཱམ་གྱི་ ཡན་ལག་འཁོར་ལམ་༥ བརྒྱུད་དེ་ འགྲོ་འགྲུལ་འབད་མི་ འབྲུག་མི་ཚུ་གིས་ ཧེ་མ་བཟུམ་སྦེ་ ས་ཤཱསི་ཏ་ར་ སི་མ་བཱལ་ སྲུང་སྐྱོབ་དམག་མི་ ཨེསི་ཨེསི་བི་ཚུ་དང་འཁྲིལ་མ་དགོ་པར་ རང་གི་བྱ་སྟབས་བདེ་ཧིང་དང་འཁྲིལ་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པས།

 
དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༩ དང་༣༠ ལུ་ རྒྱ་འབྲུག་གི་ ས་མཚམས་འཛིན་སྐྱོང་དང་ སྲུང་སྐྱོབ་ཞལ་འཛོམས་འཚོགས་པའི་སྐབས་ ཉེན་སྲུང་ཞབས་སྐྱེལ་ མཚམས་འཇོག་འབད་ནི་སྦེ་ གྲོས་ཐག་བཅད་མི་དང་འཁྲིལ་ཨིན་པས།
ཡན་ལག་འཁོར་ལམ་ཚུ་ཡང་ ཀི་ལོ་མི་ཊར་༤༣ འབད་མི་ དགེ་ལེགས་ཕུག་ལས་ སཱན་ཏའི་བཱ་རི་ཚུན་དང་ ཀི་ལོ་མི་ཊར་༤༡ འབད་མི་ པཱན་སྦང་ལས་ བར་པེ་ཏ་ཚུན་ ཀི་ལོ་མི་ཊར་༥༤ འབད་མི་ ངང་ལམ་ལས་ པ་ཚ་ལ་ཚུན་ ཀི་ལོ་མི་ཊར་༢༥ འབད་མི་ ཇོ་མོ་གཙང་ཁ་ལས་ རོའུ་ཏ་ཚུན་ དེ་ལས་ ཀི་ལོ་མི་ཊར་༥༠ འབད་མི་ བསམ་གྲུབ་ལྗོངས་མཁར་ལས་ རང་གི་ཡ་ཚུན་ འབད་མི་ཚུ་ཨིན་པས།
ཡན་ལག་འཁོར་ལམ་ཚུ་ རྒྱ་གར་གྱི་ གཞུང་ལམ་༣༡ པ་དང་ སྦྲེལ་མཐུད་འབདཝ་ཨིན་པས།
སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ རེས་གཟའ་པ་སངས་དང་ ཟླ་བ་མ་རྩིས་བར་ ཉིནམ་གཞན་ཚུ་གི་སྐབས་ ཉེན་སྲུང་ཞབས་སྐྱེལ་ཚུ་ སྤྲོད་དེ་ར་སྡོད་ཡོདཔ་ད་ བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་འབད་བ་ཅིན་ ཞབས་ཏོག་མཚམས་འཇོག་གི་དོན་ལུ་ གསལ་བསྒྲགས་ཚུ་ འཕྲལ་ར་གཏང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཉེན་སྲུང་ཞབས་སྐྱེལ་ མཚམས་འཇོག་འབད་དགོ་མི་དེ་ཡང་ མ་གཞི་ ཞབས་ཏོག་དེ་ མི་སེར་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ སྤྲོད་ཡོདཔ་ཨིན་རུང་ འབྲུག་མི་ཚུ་གིས་ ཞབས་ཏོག་དེ་ གྲོགས་རམ་མེན་པར་ དཀའ་ངལ་བཟུམ་ཅིག་མཐོང་མི་ བསམ་འཆར་ཚུ་ ལེ་ཤ་ཅིག་ར་ བཀོད་མི་དང་འཁྲིལ་ ཨིན་ཟེར་ཨིན་པས།
མདོ་ཆེན་གྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ནུབ་བེང་གཱལ་གྱི་ ཡན་ལག་འཁོར་ལམ་ཚུ་ནང་ཡང་ ཞབས་ཏོག་སྤྲོད་ཡོདཔ་ཨིན་རུང་ ས་གནས་ཚུ་ནང་ ཉེན་སྲུང་གྱི་གནས་སྟངས་ཚུ་ ཨ་རྟག་ཧར་ལུགས་སྦེ་ ལྷོད་མི་ལུ་བརྟེན་ སྤྱི་ལོ་༢༠༠༥ ཟླ་༨ པའི་ནང་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
མ་གཞི་ འབྲུག་གིས་ ས་གནས་དེ་ཚུ་ནང་ ཉེན་སྲུང་ཞབས་སྐྱེལ་ཚུ་ ཧེ་མ་ལས་ར་ མཚམས་འཇོག་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་རུང་ ས་གནས་ནང་ ཉེན་སྲུང་དང་མ་ལྡན་ནི་དེ་གིས་ ཨེསི་ཨེསི་བི་གིས་ ངོས་ལེན་འབད་མ་བཏུབ་ཟེར་ མདོ་ཆེན་གྱིས་བཤད་ཅི།
ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ ས་གནས་དེ་ཚུ་ནང་ གནས་སྟངས་ཚུ་ ལེགས་བསྒྱུར་སོང་ཡོད་པའི་ མཐོང་གསལ་བྱུང་མི་ལུ་བརྟེན་ འབྲུག་མི་ལེ་ཅིག་གིས་ ནང་སྲིད་ལྷན་ཁག་གིས་ ཞབས་ཏོག་མཚམས་འཇོག་འབད་ནི་ལུ་ འོས་འབབ་བལྟ་དགོ་པའི་ ཞུ་བ་ལེ་ཤ་ཅིག་ར་ ཕུལ་ཡོདཔ་མ་ཚད་ སྤྱི་ཚོགས་ནང་ཡང་ གསུང་གྲོས་གནང་ཡོདཔ་ཨིན་པས།
ཨིན་རུང་ ད་ལས་ཕར་ མི་སེར་ཚུ་གིས་ རང་སོའི་བྱ་སྟབས་བདེ་ཧིང་དང་འཁྲིལ་ འཁོར་ལམ་དེ་ཚུ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ རིགཔ་བསྒྱིམ་དགོཔ་ད་ ཕྱི་རུའི་ཆུ་ཚོད་༧ ལས་ དྲོ་པའི་ཆུ་ཚོད་༦ ཚུན་ འགྲོ་འགྲུལ་འབད་ནི་ལས་ ག་དེ་དྲག་དྲག་འཛེམ་དགོ་ཟེར་ ལྷན་ཁག་གིས་ ཉེན་བརྡ་འབདཝ་ཨིན་པས།
ཨིན་རུང་ རྒྱ་གར་གཞུང་གིས་ འགྲོ་འགྲུལ་འབད་མི་ འབྲུག་མི་ཚུ་གི་ ཉེན་སྲུང་དོན་ལུ་ ལྟ་རྟོག་འབད་ནི་དང་ ཨེསི་ཨེསི་བི་གིས་འབད་རུང་ ས་མཚམས་ལྟ་རྟོག་ཚུ་ འབད་བཞིན་དུ་སྡོད་འོང་ཟེར་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉེན་སྲུང་ཞབས་སྐྱེལ་ཚུ་ མཚམས་འཇོག་འབད་དེ་ ཉིན་གྲངས་དག་པ་ཅིག་ ལང་ཡོདཔ་ད་ ལས་ཁུངས་ཀྱིས་ བཀྲམ་སྤེལ་འབད་ནི་ཨིན་མི་ གསལ་བསྒྲགས་དེ་ ལག་ལེན་འཐབ་མི་འཐབ་ རང་སོའི་ས་གནས་ནང་གི་ ཉེན་སྲུང་གནས་སྟངས་ཚུ་དང་འཁྲིལ་ འབྲེལ་ཡོད་རྫོང་བདག་ཚུ་དང་ ཁྲིམས་སྲུང་སྡེ་འཛིན་ཚུ་ལུ་ རག་ལས་འོང་ཟེར་ཨིན་པའི་གནས་ཚུལ།
                                                                                      ཉི་མ་དབང་འདུས། 

No comments:

Post a Comment