གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པའི་ སྤེལ་རྒྱབ་༢ ཀྱི་ཕུངམ་ རུ་རི་ཆུ་ནང་ལས་ཐོབ་ཡོདཔ།

 ༢༠/༠༣/༢༠༡༣ རྐྱེན་ངན་དེ་ཡང་ རོང་ཆུ་དེ་ནང་ སྦལཔ་འཚོལ་བར་ འགྱོ་བའི་སྐབས་བྱུང་ནུག།

 ༉ སྤྱི་ཟླ་༣ པའི་ཚེས་༡༦ གི་ ཕྱི་རུ་ཁམས་ཅིག་ཁར་ དབང་འདུས་ཕོ་བྲང་གི་ ཁྲིམས་སྲུང་འགག་པ་༢ གར་སོང་མེད་པར་ བྱང་སྟོར་ཤོར་ཏེ་ ཉིན་གྲངས་༢ ཀྱི་རྒྱབ་ལས་ བ་སོ་ཆུ་གློག་མེ་ལས་འགུལ་གྱི་ ཉེ་འདབས་ལུ་ཡོད་མི་ རུ་རི་ཆུའི་རྫིང་ཅིག་ནང་ལས་ རོ་སྦེ་ཐོབ་ཡོདཔ་ཨིན་པས།


ཚེ་འདས་གཉིས་ཀྱི་ ཕུངམ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འཚོལ་ཐོབ་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤུ་ན་ཁ་སྦྱིས་མི་རྒེད་འོག་ རྔ་ན་ལུང་ཁ་ལས་ཨིན་མི་ ཚེ་འདས་ཁྲིམས་སྲུང་འགག་པ་ སྐྱེས་ལོ་༤༧ ལང་མི་དང་ ཁོ་གི་ཆ་རོགས་ དབང་འདུས་ཕོ་བྲང་ རུ་སྦིས་ས་རྒེད་འོག་ ཨུ་ལ་གཡུས་ཚན་ལས་ སྐྱེས་ལོ་༣༨ ལང་མི་དེ་ རོང་ཆུ་དེ་ནང་ སྦལཔ་འཚོལ་བར་ འགྱོ་བའི་སྐབས་ རྐྱེན་ངན་དེ་ བྱུང་ནུག་ཟེར་ཨིན་པས།

ཚེ་འདས་གཉིས་ཀྱི་ ཕུངམ་ཐོབ་སའི་ཆུ་རྫིང་།
རུ་རི་ཆུ་དང་ རོང་ཆུའི་མཐའམ་བདའ་སྟེ་ འདམ་རྫབ་ཚུ་ནང་ སྦལཔ་ལེ་ཤ་ཡོད་ནི་དེ་གིས་ ཁོང་གཉིས་ སྦལཔ་བཟུང་པར་འགྱོཝ་ད་ ཁོང་༢ ཀྱི་ཆ་རོགས་སྦེ་ སྐྱེས་ལོ་༤༧ ལང་མི་ ཚེ་འདས་ཀྱི་ ཚ་བོ་སོང་ཡོདཔ་ཨིན་པས།

ཚ་བོ་གིས་འབད་བ་ཅིན་ ནད་གཞི་ཀེན་སར་ཐོབ་ཡོད་མི་ ཁོ་གི་ཨའི་ལུ་ སྦལཔ་བཟའ་བཅུག་ནིའི་དོན་ལུ་ ཁོང་༣ སྦལཔ་འཚོལ་བར་ སོང་ཡོད་མི་དེ་ཡང་ སྦལཔ་གིས་ ནད་ལུ་ཕན་པའི་ ཡིད་ཆེས་ཡོད་ནི་དེ་གིས་ཨིན་པས།

ཚ་བོ་གིས་ སླབ་མིའི་ནང་ དེ་ཚེ་ ཁོང་༣ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ལུ་ ས་གནས་དེ་ཁར་ ལྷོད་ཞིནམ་ལས་ ཁོང་གི་ སྣུམ་འཁོར་ལམ་ཟུར་ཁར་བཞག་སྟེ་ རོང་ཆུའི་མཐའམ་བདའ་སྟེ་ སྦལཔ་འཚོལ་བར་ འགྱོ་བའི་སྐབས་ རྡོ་སྦོམ་ཅིག་གི་ སྦོ་ལོགས་ཁར་ལྷོདཔ་ད་ ཚེ་འདས་ཨ་ཞང་གིས་ ཁོ་ལུ་ གྱེན་འཛེགས་མ་ཚུགས་པ་ཅིན་ བསྐོར་ལམ་བརྒྱུད་དེ་ སོང་ཟེར་སླབ་བཞིན་དུ་ ཁོ་ར་སོ་སོར་སོང་ཡི་ཟེར་ཨིན་པས།

དེ་འབདཝ་ད་ ཁོང་གསུམ་འཛོམས་དགོ་པའི་ ས་གོ་ནང་ལྷོད་དེ་ ག་དེམ་ཅིག་བསྒུགས་རུང་ ཁོང་༢ ལྷོད་ནི་མེད་པར་ ཁོང་གཉིས་ཆ་ར་ལུ་ འགྲུལ་འཕྲིན་་བཏང་རུང་ འགྱོ་མ་བཏུབ་ཟེར་ ཚ་བོ་གིས་ སླབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དེམ་ཅིག་གི་བར་ན་ར་ ཚ་ཆུ་སྦང་མི་ཚུ་མཐོང་སྟེ་ ཁོང་ལུ་དྲིས་རུང་ མ་མཐོང་ཟེར་ སླབ་མི་ལུ་བརྟེན་ ཁོ་ ལོག་སྟེ་གཞུང་ལམ་ཁར་འོང་ཞིནམ་ལས་ སྣུམ་འཁོར་ཅིག་ནང་འཛུལ་ཏེ་ བ་འཇོ་ལུ་ འོང་ཡི་ཟེར་ཨིན་པས།

ཁོ་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་རུང་ ཁྲིམས་སྲུང་འགག་པ་གིས་ ཧ་གོ་སྟེ་ ཚེ་འདས་དེ་གཉིས་ འཚོལ་བར་སོང་ནུག།

ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་ རྡོ་གུ་ལས་མར་ འགྱེལ་ཏ་རྐྱབ་འགྱོ་བའི་སྐབས་ ཆུ་རྫིང་ནང་ འཛུལ་སོཔ་འོང་ནི་མས་ཟེར་ཨིནམ་ད་ ཁོང་༢ ལས་ ཧེ་མ་སོང་མི་དེ་ འགྱེལ་ཏ་རྐྱབ་འགྱོ་བའི་སྐབས་ རྟིང་བདའ་འགྱོ་མི་དེ་ཡང་ གཅིག་ཁར་འཐེན་བདའ་འགྱོ་དོ་བཟུམ་ཅིག་འདུག་ཟེར་ སླབ་ཨིན་པས།

ཨིན་རུང་ དེའི་སྐོར་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་རྫིང་གི་ གཏིང་ཚད་མི་ཊར་༥ དེ་ཅིག་ཡོད་པའི་ཁར་ ཆུ་ཡང་འཁྱིལ་ཡོདཔ་ལས་ ནང་ན་འཛུལ་འགྱོ་བ་ཅིན་ ཕྱི་ཁར་འཐོན་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཚེ་འདས་༢ ཀྱིས་ཡང་ རྩལ་རྐྱབ་མི་ཤེས་ཟེར་ཨིན་པས།

སྐྱེས་ལོ་༤༧ ལང་མི་ ཚེ་འདས་ཀྱི་ ལྟག་ལྐོག་ཆག་ཡོདཔ་ཨིན་རུང་ གསོ་བའི་བརྟག་དཔྱད་སྙན་ཞུ་དང་འཁྲིལཝ་ད་ གཞན་གྱིས་གནོདཔ་བཀལ་བའི་ དོགས་པ་མེདཔ་ཨིན་པས།

ཚེ་འདས་ཁྲིམས་སྲུང་འགག་པ་གཉིས་ཆ་ར་ སྤེལ་རྒྱབ་ཀྱི་ གོ་གནས་འཆང་མི་ ཨིན་པའི་ཁར་ ཁོང་གཉིས་ལུ་ ཨ་ལུ་༤ རེ་ཡོདཔ་ཨིན་པའི་གནས་ཚུལ།
                                                                དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment