གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་ལྷན་བཞུགས་ཐོག་ དཔྱད་ཡིག་༢ ཆ་འཇོག་གྲུབ་གནང་ཡོདཔ།

༢/༣/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་ ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མའི་ཐོག་ལུ་ གསུང་གྲོས་གནང་ཡོདཔ་ཨིན་རུང་ དོན་ཚན་༥ དེ་ཅིག་ལུ་ ཞལ་འཆམ་བྱུང་མ་ཚུགསཔ་ལས་ དོན་ཚན་ཚུ་ མཉམ་འབྲེལ་ཚོགས་ཆུང་གིས་ བསྒྱུར་བཅོས་འབད་དེ་ ཁ་ཙ་ སྤྱི་ཚོགས་ནང་ ལོག་བཙུགས་ཐོག་ལས་ དཔྱད་ཡིག་དེ་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༣ ཅན་མ་སྦེ་ ཆ་འཇོག་གྲུབ་གནང་ཡི།


དཔྱད་ཡིག་ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༦༡ ག་ར་གིས་ ངོས་ལེན་གྱི་ ཚོགས་རྒྱན་བཙུགས་ཡི།
དཔྱད་ཡིག་དེ་གུ་ གྲོས་བསྡུར་གནང་པའི་སྐབས་ ལམ་གྱི་ཁྱབ་དབང་ས་ཁོངས་ཀྱི་སྐོར་ལས་ཨིན་མི་ དོན་ཚན་༡༥༢ པ་དེ་ མཉམ་འབྲེལ་ཚོགས་ཆུང་གིས་ ཕྱིར་བཏོན་མཛད་དེ་འབད་རུང་ ཚོགས་དཔོན་དང་ ཚོགས་དམངས་ཀྱི་ བཀའ་རྒྱ་ལྟར་དུ་སྦེ་ བསྒྱུར་བཅོས་དུམ་གྲ་ཅིག་འབད་དེ་ ལོག་བཙུགས་ཏེ་ཡོད་ཟེར་ མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ གཞལམ་སྒང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ པདྨ་ལྷ་མོ་གིས་ཞུ་ཡི།
ཚོགས་ཆུང་གི་ཁྲི་འཛིན་གྱིས་འབད་བ་ཅིན་ གསུང་གྲོས་གནང་པའི་སྐབས་ལུ་ འཐུས་མི་ལ་ལུ་ཅིག་གིས་ དོན་ཚན་དེ་ནང་ བཅའ་ཁྲིམས་དེ་ འགོ་མ་བཙུགས་པའི་སྔ་གོང་ལས་ གཞུང་ལམ་བདའ་སྟེ་ ཁྲིམས་མཐུན་གཏན་འཇགས་སྡོད་མི་ཚུ་ ལམ་གྱི་ཐོབ་དབང་ས་ཁོངས་དེ་ལུ་ གནས་དགོཔ་མེད་ཟེར་ བཟོ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་རུང་ མཉམ་འབྲེལ་ཚོགས་ཆུང་གིས་ ཁྲིམས་མཐུན་ཟེར་མེན་པར་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༠༤ ཅན་མ་ འགོ་མ་བཙུགས་པའི་ སྔ་གོང་ལས་ཟེར་མི་ལུ་ བསྒྱུར་བཅོས་འབད་ཡི་ཟེར་བའི་ སྙན་ཞུ་ཕུལ་ཡི།
འཐུས་མི་ཚུ་གི་ ཐུགས་འཆར་དང་འཁྲིལ་ དོན་ཚན་དེ་དང་གཅིག་ཁར་ ཚིག་ཐེབས་ གལ་སྲིད་ལམ་རྒྱ་བསྐྱེད་འབད་བའི་སྐབས་ བཅའ་ཁྲིམས་དེ་མེད་པའི་ ཧེ་མ་ལས་ གཞུང་ལམ་བདའ་སྟེ་ གཏན་འཇགས་སྡོད་མི་ཚུ་ གཞུང་གི་དགོས་མཁོ་དང་འཁྲིལ་ རྒུད་འཐུས་སྤྲོད་ཐོག་ལས་ སྤོ་བཤུད་འབད་ནི་ཨིན་ཟེར་ བཟོ་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་དཔོན་གྱིས་ གལ་སྲིད་ དོན་ཚད་དེ་ནང་ ཁྲིམས་མཐུན་གཏན་འཇགས་སྡོད་མི་ཚུ་ཟེར་ མ་བཙུགས་པ་ཅིན་ ཤུལ་ལས་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ གསུངས་ཡོདཔ་ཨིན་རུང་ མོང་སྒར་ དགྲ་མེད་རྩེ་དང་ སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ དོན་ཚན་དེ་ནང་ ཁྲིམས་མཐུན་གྱི་སྐོར་ལས་ ག་ཅི་ཡང་ སླབ་དགོཔ་མེདཔ་ལས་ ཚོགས་ཆུང་གིས་ བསྒྱུར་བཅོས་འབད་མི་དེ་གིས་ བཏུབ་པས་ཟེར་ ཞུ་མི་དང་འཁྲིལ་ ཆ་འཇོག་གྲུབ་ཅི།
དེ་བཟུམ་སྦེ་ དོན་ཚན་༡༦༩ པའི་ནང་ གཞིས་གསར་ཟེར་མི་ དོན་ཚན་ཅིག་ཚུད་མི་ལུ་ འཐུས་མི་མང་ཤོས་ཅིག་གིས་ གཞིས་གསར་ཟེར་བའི་སྐབས་ མི་དབང་མངའ་བདག་རྒྱལ་པོའི་ སྐྱིད་སྡུག་ཐོག་ལས་ གཞིས་གསརཔ་སྤོ་བཏང་མི་ཚུ་ རྐྱངམ་གཅིག་ལུ་གོ་ནི་བཟུམ་སྦེ་ མཐོངམ་མས་ཟེར་བའི་ བསམ་འཆར་ཚུ་ཕུལ་ཡོདཔ་ད་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ དེ་ལུ་ མ་བཏུབ་མེདཔ་སྦེ་ཞུ་ཡི།
ཨིན་རུང་ མཉམ་འབྲེལ་ཚོགས་ཆུང་གིས་ བསྒྱུར་བཅོས་འབད་དོ་བཟུམ་སྦེ་ར་ ཆ་འཇོག་གནང་ཡི།
དཔྱད་ཡིག་འགོ་འཛིན་པ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ དཔྱད་ཡིག་དེ་ བཅའ་ཁྲིམས་སྦེ་ ཆ་འཇོག་གནང་ནིའི་དོན་ལུ་ གྲོས་དོན་ཕུལ་བའི་སྐབས་ བཅའ་ཁྲིམས་དེ་ལུ་བརྟེན་ ད་ལས་ཕར་ ལམ་བཟོ་ནི་དང་ བདག་འཛིན་འཐབ་ནི་ དེ་ལས་ ཉམས་བཅོས་འབད་ནི་ཚུ་ ཧིང་སངས་ས་སྦེ་ར་ འགྱོ་འོང་ཟེར་ཞུ་ཡི།
སྤྱི་ཟླ་༢ པའི་ཚེས་༢༨ ལུ་ དོན་ཚན་༡༦༩ པའི་ཤུལ་ལུ་བཀོད་མི་ དོན་ཚན་ཁ་པ་གི་ཐོག་ལུ་ གསུང་གྲོས་རྒྱས་པར་ གནང་དགོཔ་ཐོན་ཡོདཔ་ཨིན་རུང་ དོན་ཚན་དེ་ ཕྱིར་དབྱུང་མཛད་ཅི།
དོན་ཚན་དེ་ ལམ་སེལ་བའི་སྐབས་ སྒེར་ས་མེདཔ་བཏང་དགོཔ་ཐོན་མི་ཚུ་ལུ་ ས་ཚབ་སྤྲོད་ནིའི་སྐོར་ལས་ཨིནམ་ད་ དོན་ཚན་དེ་དང་འཁྲིལ་བ་ཅིན་ ས་ཁྲམ་ནང་ ས་ཆ་ཨེ་ཀར་༢ ལས་ཉུངམ་སྦེ་ འཆང་མི་ཅིག་ལས་ ཞིང་ལམ་བསལ་ནིའི་དོན་ལུ་ ས་ཆ་ཌེ་སི་མཱལ་༡༠ ལས་ལྷག་སྟེ་ ཚུད་སོ་པ་ཅིན་ ས་ཚབ་སྤྲོད་དགོ་ཟེར་ བཀོད་ནུག།
དེ་ལུ་ འཐུས་མི་ལ་ལུ་ཅིག་གིས་ ས་ཆ་ཟེར་བའི་སྐབས་ ཌེ་སི་མཱལ་༡ དང་༢ རེ་འབད་རུང་ མི་སེར་ཚུ་གི་དོན་ལུ་ ཁག་ཆེ་དྲགས་ཅིག་ཨིན་རུང་ ཁེ་རྒུད་མ་བཏུབ་སྦེ་ ཞུ་ཡོདཔ་ད་ ལ་ལུ་ཅིག་གིས་ གཞུང་གིས་ མི་སེར་ཚུ་གི་མཐའ་དོན་ལུ་དམིགས་ཏེ་ གོང་འཕེལ་གྱི་ ཕྱག་ལཱ་གནང་པའི་སྐབས་ སྒེར་པ་ཚུ་གིས་ གྲོགས་རམ་དེམ་ཅིག་ འབད་དགོཔ་འོང་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཁ་ཙ་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་༢༠༡༢ ཅན་མ་དེ་ཡང་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་དམ་བཅའ་ཁྲིམས་༢༠༡༣ ཅན་མ་ལུ་ ཆ་འཇོག་གྲུབ་གནང་ཡོདཔ་ད་ དེ་ནང་ཡང་ འཐུས་མི་ག་ར་གིས་ ངོས་ལེན་ཡོད་པའི་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment