གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་གནས་ཀྱིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ཕན་གནོད།

༢/༣/༢༠༡༣   སྤྱིར་བཏང་གྲོས་གནས་ཀྱིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ཕན་གནོད།
༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་དོན་ལུ་ སྤྱིར་བཏང་གྲོས་གནས་འགོ་འདྲེན་འཐབ་ནི་གི་ ལམ་སྟོན་ཅིག་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ གཏན་འཁེལ་བཟོ་མི་དེ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་པ་ཅིན་ འབྲུག་མི་ཚོགས་རྒྱན་སྐྱུར་མི་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ མཐའ་ཟུར་གྱི་ གྲོང་གསེབ་ཚུ་ནང་ སྡོད་མི་ཚུ་ སྲིད་ཚོགས་དང་ འདེམས་ངོ་སོ་སོའི་ འཛོམས་འདུ་མང་རབས་ཅིག་ འགོ་འདྲེན་འཐབ་སར་ བཅའ་མར་གཏོགས་མ་དགོ་པའི་ ཕན་ཐབས་འབྱུང་ནི་བཟུམ་མཐོངམ་མས།


དེ་ཡང་ བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་ཀྱི་ དུས་ཚོད་འགོ་བཙུགས་ཞིནམ་ལས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ དེ་ལས་ སྤྱིར་བཏང་བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་དང་ གདམ་འཐུ་འབད་མི་ འདེམས་ངོ་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གསལ་བཤད་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་གྲོས་གནས་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ལས་ མི་སེར་ཚུ་གིས་ ཞལ་འཛོམས་ཚར་༣ ནང་མ་གཏོགས་ བཅའ་མར་གཏོགས་དགོཔ་ མི་འཐོན་ནི་མས།
ཐབས་ལམ་དེ་གིས་ སྲིད་ཚོགས་དང་ ཡང་ཅིན་ འདེམས་ངོ་རེ་གིས་ སྤྱི་འོག་དང་ རྒེད་འོག་ རྫོང་ཁག་ཁྲོམ་སྡེའི་ནང་ མི་སེར་ཚུ་ འཛོམས་འདུའི་ནང་ བཀུག་ནི་ཚུ་ མར་ཕབ་རྐྱབ་ཚུགས་ནི་གིས་མ་ཚད་པར་ ཚོགས་རྒྱན་བཙུགས་མི་ཚུ་ འདི་བཟུམ་མའི་ ཞལ་འཛོམས་མང་རབས་ཅིག་ནང་ བཅའ་མར་གཏོགས་དགོཔ་བྱུངམ་ད་ རང་སོའི་སོ་ནམ་ལཱ་ལུ་ བར་ཆད་འབྱུང་ནི་དང་ ལཱ་ལྟོ་ཆག་ཉེན་ཡོདཔ་ལས་ དཀའ་ངལ་དེ་ཚུ་ཡང་ མར་ཕབ་རྐྱབ་ཚུགས་ནི་མས།
ད་རེས་ནངས་པ་ སྲིད་དོན་ཚོགས་པ་༥ ཡོད་མི་དང་ དེ་གི་ཚོགས་པའི་འདེམས་ངོ་༢༣༥ འོང་ནི་ཨིནམ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་འདེམས་ངོ་ རྫོང་ཁག་རེ་ལས་ ཉུང་ཤོས་༢ རེ་འོང་ནི་ཨིནམ་ལས་ འཛོམས་འདུ་ལན་ཐེངས་མང་རབས་ཅིག་ འགོ་འདྲེན་འཐབ་པའི་བསྒང་ལས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ འབྱུང་ནི་གི་ འོས་འབབ་འདུག།
དེ་མ་ཚད་ འཛོམས་འདུ་ཁག་སོ་སོ་སྦེ་ འགོ་འདྲེན་འཐབ་ད་ སྲིད་ཚོགས་ཚུ་གི་ ནང་འཁོད་ལུ་ སྟབས་མ་བདེཝ་དང་ གོ་བ་བརྡ་ལོག་འགྱོ་བའི་ དཀའ་ངལ་ཚུ་ཡང་ བྱུང་ཡོདཔ་ལས་ སྤྱིར་བཏང་གྲོས་གནས་དེ་ འོས་འབབ་དང་ལྡནམ་སྦེ་ མཐོང་སྣང་བྱུངམ་མས།
འདི་འབདཝ་ད་ ན་འཐན་སྦེ་ བསམ་ཞིབ་འབད་ལྟ་བ་ཅིན་ སྤྱིར་བཏང་གྲོས་གནས་ཀྱིས་ཡང་ མི་སེར་ཚུ་ལུ་ བརྡབ་གསིག་དང་ དཀའ་སྡུག་བྱིན་ནི་གི་ འོས་འབབ་ཡོད་མི་དེ་ཡང་ མི་སེར་ཚུ་ སྲིད་ཚོགས་ཚུ་གི་ འཐུས་མི་དང་ ཡང་ཅིན་ འདེམས་ངོ་ཚུ་ལས་ རང་སོའི་ཁས་བླངས་གསལ་བསྒྲགས་དང་ ཚོགས་པའི་ལྟ་བ་ཚུ་ ཉན་དགོཔ་ལས་ དུས་ཡུན་ལེ་ཤ་འཛོམས་འདུའི་ནང་ འབྲེལ་གཏོགས་འབད་དགོཔ་ད་ དབངཔོ་ངལ་ནི་དང་ མཐའན་མཇུག་གི་ གསལ་བཤད་འབད་མི་ཚུ་ལུ་ སྤྲོ་བ་མེདཔ་འགྱོ་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན།
ཨིན་རུང་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ནི་དང་ རྒྱལ་ཁབ་མདུན་ལམ་ལུ་ ཞུགས་ཚུགས་མི་ དབུ་ཁྲིད་དང་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ གདམ་ཁ་རྐྱབ་ནིའི་དོན་ལུ་ མི་སེར་ཚུ་གིས་ བསྐུལ་བསྒྲགས་དང་ ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་ནི་དེ་ གལ་ཆེཝ་བཞིན་དུ་ དམངས་གཙོའི་བྱ་རིམ་ནང་ མི་མང་གི་ འགན་ཁུར་ངོ་མ་དེ་ ཚོགས་རྒྱན་བཙུགས་ནི་དེ་ཨིནམ་ལས་ ཞལ་འཛོམས་གང་མང་འགོ་འདྲེན་འཐབ་སར་ འབྲེལ་གཏོགས་འབད་དགོཔ་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment