གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་ཚན་དང་ ལཱ་གཡོག་གི་གོ་སྐབས་གཉིས་ རྟགས་མ་མཐུན་པའི་དཀའ་ངལ།

༡༡/༣/༢༠༡༣   ༉ རྒྱལ་ཁབ་ནང་ ན་གཞོན་གཙུག་ལག་གཞི་རིམ་ རྩིས་རིག་དང་ ཚོང་འབྲེལ་འཛིན་སྐྱོང་ དེ་ལས་ བརྡ་དོན་འཕྲུལ་རིག་ནང་ མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལཱ་གཡོག་གི་གོ་སྐབས་དང་འཁྲིལ་ ཆོས་ཚན་གདམ་ཁ་རྐྱབ་སྟེ་ སློབ་སྦྱོང་འབད་བར་ འགྱོ་དགོཔ་ཁག་ཆེ་ཟེར་ཨིན་པས།


ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ན་ཧིང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་མི་༢,༣༠༠ ཡོད་མིའི་གྲས་ལས་ བརྒྱ་ཆ་༥༠ དེ་ཅིག་ གཙུག་ལག་གཞི་རིམ་གྱི་ ཚོང་འབྲེལ་འཛིན་སྐྱོང་དང་ བརྡ་དོན་འཕྲུལ་རིག་ དེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐར་འཁྱོལ་མི་ཚུ་ ཨིན་མས་ཟེར་ཨིན་པས།
དེ་འབདཝ་ལས་ ན་གཞོན་ཚུ་གིས་ སློབ་སྦྱོང་འབད་བར་འགྱོ་ནིའི་དོན་ལུ་ འཆར་གཞི་བརྩམ་མི་ཚུ་གིས་འབད་རུང་ སློབ་སྦྱོང་ནང་ མ་འགྱོ་བའི་ཧེ་མ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ ལེགས་ཤོམ་སྦེ་བལྟ་བ་ཅིན་ ཤུལ་ལས་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་མི་འབྱུང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ན་གཞོན་ཚུ་གིས་ སློབ་སྦྱོང་འབད་མི་ཆོས་ཚན་དང་ ལཱ་གཡོག་གི་གོ་སྐབས་གཉིས་ རྟགས་མ་མཐུན་པའི་བསྒང་ལས་དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ རང་གིས་ སློབ་སྦྱོང་ག་ཅི་འབད་ནི་ཨིན་ན་ དང་པ་ རང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་དང་འཁྲིལ་ཏེ་ འགྱོ་ནི་ཨིནམ་ད་ གཉིས་པ་ ཕམ་གྱི་གདམ་ཁ་དང་འཁྲིལ་ནི་ གསུམ་པ་ཟེརཝ་ད་ ཟད་འགྲོ་དང་འཁྲིལ་ཏེ་ཡང་ འགྱོ་དོ་ཡོདཔ་ལས་ ཆོས་ཚན་ག་ཅི་ལྷབ་ནི་ཨིན་ན་ དབང་ཚད་རང་གི་ལག་པར་ མིན་འདུག་ཟེར་ཨིན་པས།
ཚོང་འབྲེལ་འཛིན་སྐྱོང་མཐར་འཁྱོལ་ཏེ་འོང་མི་ ཀུན་བཟང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ཁོ་ར་ དྲུང་འཚོའི་ སློབ་སྦྱོང་འབད་ནི་ལུ་ སྤྲོ་བ་ཡོད་དེ་འབད་རུང་ སློབ་རིམ་༡༠ པ་མཐར་འཁྱོལ་ཞིནམ་ལས་ གྲུབ་འབྲས་གནམ་མེད་ས་མེད་ཅིག་ལེགས་ཤོམ་མེད་མི་ལུ་བརྟེན་ ཚོང་རིག་འབག་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཆོས་ཚན་གྱི་ གདམ་ཁ་གནམ་མེད་ས་མེད་ཅིག་ མེད་མིདེ་གིས་ཡང་ ཤུལ་ལས་ ལཱ་གཡོག་གི་ མནོ་བསམ་ག་ཅི་ཡང་ མ་བཏང་པར་ གདམ་ཁ་རྐྱབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གི་ མི་སྟོབས་སྡེ་ཚན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་གི་ ལཱ་གཡོག་གོ་སྐབས་ གནམ་མེད་ས་མེད་ཅིག་མེདཔ་ལས་ བརྡ་དོན་འཕྲུལ་རིག་ནང་ གཙུག་ལག་གཞི་རིམ་མཐར་འཁྱོལ་མི་ ན་གཞོན་མང་ཤོས་ཅིག་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
མ་གཞི་ གཡོག་མ་ཐོབ་མི་ ག་དེམ་ཅིག་ཡོདཔ་ཨིན་ནའི་ གྱངས་ཁ་ཐོབ་མ་ཚུགས་ཏེ་འབད་རུང་ མི་སྟོབས་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བརྡ་དོན་འཕྲུལ་རིག་ མཐར་འཁྱོལ་མི་ སློབ་ཕྲུག་ན་གཞོན་མང་ཤོས་ཅིག་གིས་ ལོ་༢ དང་༣ དེ་ཅིག་ ལཱ་གཡོག་མ་ཐོབ་པར་ སྡོད་མི་ཡོད་ཟེར་ཨིན་པས།
རྒྱལ་གཞུང་གཙུག་ལག་སློབ་སྡེ་དང་ ན་ལོན་དང་མཐོ་རིམ་སློབ་སྦྱོང་ལས་ཁུངས་ཀྱིས་ སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་ཏེ་ སློབ་སྦྱོང་འབད་ནིའི་གོ་སྐབས་ སྤྲོད་པའི་སྐབས་ལུ་ཡང་ ལཱ་གཡོག་གི་གོ་སྐབས་དང་འཁྲིལ་ བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ན་ལོན་དང་མཐོ་རིམ་སློབ་སྦྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མ་ཐོབ་པར་ལུས་མི་ གནད་དོན་གཅིགཔོ་དེ་ ན་གཞོན་ཚུ་གིས་ གཞུང་གི་གཡོག་ལུ་ར་སྒྱིམ་སྡོད་དེ་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ གདམ་ཁ་མ་རྐྱབ་མི་ལུ་བརྟེན་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཐོནམ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment