གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༧/༣/༢༠༡༣  ༉ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༠༨ ལས་ རྒྱལ་རབས་ཅན་གྱི་ དམངས་གཙོའི་རིམ་ལུགས་ནང་ ཞུགསཔ་བཞིན་དུ་ སྒེར་གྱི་བརྡ་བརྒྱུད་ཚུ་གི་གྲས་ལས་ གསར་ཤོག་ཚུ་ དུས་ཡུན་ཐུང་ཀུ་ཅིག་གི་ ནང་འཁོད་ལུ་ར་ གཅིག་ཤུལ་གཉིས་ཤུལ་སྦེ་ གཞི་བཙུགས་འབད་མི་ལུ་བརྟེན་ ད་རིས་འབདཝ་ད་ གསར་ཤོག་གི་ གྱངས་ཁ་༡༢ ལུ་ ལྷོད་ཡོདཔ་ཨིན།


དེ་གིས་མ་དོ་བར་ རྒྱང་བསྒྲགས་རེ་ཌིའོ་༦ དང་ རྒྱང་མཐོང་ཊེ་ལི་བི་ཤཱན་གྱི་ གནས་ཚུལ་རྒྱུན་ལམ་གཉིས་ཡོདཔ་ད་ གསར་ཤོག་དང་ བརྡ་བརྒྱུད་ཀྱི་ རྒྱུན་ལམ་ཚུ་གི་ གྱངས་ཁ་ལུ་ལྟཝ་ད་ འབྲུག་གི་བརྡ་བརྒྱུད་དེ་ གོང་འཕེལ་འགྱོ་དོ་བཟུམ་ མཐོང་སྣང་བྱུངམ་མས།
སྤྱི་ལོ་༢༠༠༦ ཚུན་ཚོད་ རྒྱལ་ཁབ་ནང་ གསར་ཤོག་ཟེར་རུང་ ཀུན་གསལ་ཕུད་རྡོག་གཅིག་དང་ རྒྱང་བསྒྲགས་ཟེར་རུང་ འབྲུག་རྒྱང་བསྒྲགས་ལས་འཛིན་རྐྱངམ་གཅིག་ལས་བརྒལ་མེདཔ་ལས་ གནས་ཚུལ་ག་དེ་སྦེ་ར་ གསལ་བཀོད་འབད་རུང་ དོ་འགྲན་འབད་མི་གཞན་མེདཔ་ལས་ རྒྱུན་བརྟན་གནས་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེདཔ་མ་ཚད་ གནས་ཚུལ་མཁནམ་ཚུ་གིས་ཡང་ གནས་ཚུལ་གྱི་ སྤུས་ཚད་ག་དེ་སྦེ་ར་ གསལ་བཀོད་འབད་རུང་ ལྷག་མི་དང་ ཉན་མི་ཚུ་ལས་ ཉོགས་བཤད་གངམ་བཀོད་ནི་མེདཔ་ཨིན།
ཨིན་རུང་ སྤྱི་ལོ་༢༠༠༦ གི་ ལོ་ཕྱེད་དེ་ཅིག་ལས་ སྒེར་གྱི་གསར་ཤོག་༢ འགོ་བཙུགས་པའི་ཤུལ་ལུ་ མི་མང་ལས་ གནས་ཚུལ་སྤུས་ཚད་ཅན་དགོ་པའི་ བློ་འདོད་བཀོད་ནི་ འགོ་བཙུགསཔ་བཞིན་དུ་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་གིས་ཡང་ གནས་ཚུལ་གཅིག་བ་གཅིག་དྲགཔ་སྦེ་ ཁྱབ་སྤེལ་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ དོ་འགྲན་འབདཝ་ལས་ བརྡ་བརྒྱུད་ལུ་ རྩ་ཁྲིམས་ཆེན་མོ་གིས་གནང་མི་ གཞི་རྟེན་ཐོབ་དབང་ཚུ་ སྤྱོད་དོ་ཡོད་པའི་ མངོན་གསལ་བྱུང་ཡི།
སྒེར་གྱི་བརྡ་བརྒྱུད་མང་སུ་ གཞི་བཙུགས་འབདཝ་དང་གཅིག་ཁར་ དམངས་གཙོའི་ལམ་ལུགས་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་ཚོགས་པ་དང་པ་གིས་ཡང་ བརྡ་བརྒྱུད་འདི་ གཞུང་གི་ཡན་ལག་༤ པ་སྦེ་ ངོས་འཛིན་གནང་ཡོད་མི་དེ་ཡང་ ཤེས་ཡོན་ཅན་གྱི་ མི་སྡེ་ཅིག་སྦེ་བཟོ་སྟེ་ གཞུང་ལུ་འཁྲི་འགན་དང་ དྭངས་གསལ་བཀལ་ཐོག་ལས་ དམངས་གཙོའི་ལམ་ལུགས་སྒྲིང་སྒྲིང་བཟོ་ཐབས་ལུ་ བརྡ་བརྒྱུད་ཀྱི་ འགན་ཁུར་རྩ་ཅན་ལུ་ ངོས་ལེན་འབད་དེ་ཡོད་ཟེར་ བློན་ཆེན་མཆོག་གིས་ སྤྱི་ཟླ་༣ པའི་ཚེས་༤ ལུ་ སྤྱི་ཚོགས་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་བའི་སྐབས་ཞུ་ཡི།
འདི་འབདཝ་ད་ ད་རེས་ནངས་པ་ སྤྱི་ཚོགས་ནང་འབད་རུང་ རྒྱལ་ཡོངས་དུས་ཆེན་གྱིས་གཙོས་པའི་ ལས་རིམ་གལ་ཅན་ཚུ་ནང་ གནས་ཚུལ་བསྡུ་བཀོད་འབད་མི་ ཧེ་མ་བཟུམ་སྦེ་ འབྲུག་རྒྱ྄ང་བསྒྲགས་དང་ ཀུན་གསལ་གྱི་ གནས་ཚུལ་མཁནམ་ཚུ་མ་གཏོགས་ སྒེར་གྱི་བརྡ་བརྒྱུད་ཚུ་གི་ མི་རེ་གཉིས་ལས་བརྒལ་ མི་མཐོང་པས། འདི་བཟུམ་སྦེ་ སྒེར་གྱི་གནས་ཚུལ་ལས་ཁང་ཚུ་ནང་བལྟ་རུང་ཧེ་མར་ རྩོམ་སྒྲིག་སྡེ་ཚན་ནང་ ལཱ་འབད་མི་༡༠ ལྷགཔ་ཅིག་ཡོད་མི་དེ་ ད་རིས་འབདཝ་ད་ མི་༢ དང་༣ དེ་ཅིག་ལས་བརྒལ་ མི་མཐོང་པས།
འདི་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ སེམས་ཕམ་བྱུང་པའི་ གཞི་མ་ཅིག་ཨིན་མས། འདི་འབདཝ་ད་ སྒེར་གྱི་བརྡ་བརྒྱུད་གནས་སྟངས་སྐྱོ་དྲགས་འགྱོ་མི་དེ་ གཞུང་ལས་ རྒྱབ་སྐྱོར་མེད་མི་ལུ་བརྟེན་ཨིན་ན? ཡང་ཅིན་ ལས་སྡེའི་ཇོ་བདག་ཚུ་གིས་ ཁེ་སང་ལུ་ར་ གཙོ་བོར་བཏོན་ཏེ་ བརྡ་བརྒྱུདཔ་ཚུ་གི་ མཐའ་དོན་ལུ་མ་བལྟ་ནི་དེ་གིས་ཨིན་ན? ཡང་ཅིན་ གཞུང་གི་ཁ་ཐུག་ལས་ ཚོང་བསྒྲགས་ཀྱི་ སྲིད་བྱུས་ལམ་སྟོན་ལག་ལེན་གྱི་དོན་ལུ་ གྲ་སྒྲིག་འགྱོཝ་ད་ སྒེར་གྱི་བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་གིས་ གསར་ཤོག་དང་ རྒྱང་བསྒྲགས་གནས་ཚུལ་གྱི་ ཁྱབ་སྤེལ་ཆེ་དྲགས་ཡོད་མི་ ལས་སྡེ་ཚུ་ལུ་མ་གཏོགས་ ཁོང་ལུ་ ཕན་ཐོགས་མི་འོང་ནི་མས་ཟེར་ ཉོགས་བཤད་བཀོད་མི་ལུ་བརྟེན་ ད་རིས་ ཐོ་ཕོགཔ་ཨིན་ན? གནད་དོན་དེ་ཚུ་ལུ་ བསམ་ཞིབ་འབད་དགོཔ་དེ་གལ་ཆེ།
ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ཡང་ རང་གི་རྐངམ་གུ་ རང་ལོང་ཚུགསཔ་འབད་དགོ་པ་ཅིན་ སྒེར་གྱི་བརྡ་བརྒྱུད་ཀྱིས་ར་ རྩ་འགེངས་དགོ་ཟེར་ གསུངསམ་བཞིན་དུ་ དེ་དང་གཅིག་ཁར་ ལས་སྡེའི་ཇོ་བདག་ཚུ་གིས་ཡང་ ཁེ་ཚོང་གཞན་ཚུ་ནང་ མ་རྩ་བཙུགས་ནི་ལུ་ གཙོ་བོར་མ་བཏོན་པར་ གསར་ཤོག་ལུ་ ཤུགས་བཏོན་པ་ཅིན་ རང་བཞིན་གྱིས་ར་ ཡར་རྒྱས་འགྱོ་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment