གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྡེ་གིས་ ཁྲིམས་དོན་དབང་འཛིན་ལུ་ འགན་འཁྲི་ཧྲིལ་བུམ་བཀལ་ཡོདཔ།

༧/༣/༢༠༡༣   ༉ གློག་བརྙན་ལུ་བརྟེན་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་དང་ མི་སྡེའི་ནང་འཁོད་ལུ་ འཁོན་འཛིན་དང་ འཁྲུག་སློང་ལ་སོགས་པ་ཚུ་ བྱུང་པ་ཅིན་ དེ་གི་ཉེན་ཁ་ཧྲིལ་བུམ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དང་ འབྲུག་གློག་བརྙན་དང་ རྒྱང་མཐོང་བསྐྱར་ཞིབ་བཀོད་ཚོགས་གཉིས་ཀྱིས་ འབག་དགོཔ་སྦེ་ དྲང་ཁྲིམས་ལྷན་སྡེ་གིས་ ཡིག་ཚང་བཀའ་རྒྱ་ཅིག་བཏོན་ནུག།
བཀའ་རྒྱ་གློག་བརྙན་གྱི་སྦྱར་པར།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ འབྲུག་པའི་གློག་བརྙན་ བཀའ་རྒྱ་ཟེར་མིའི་ མཐོང་སྣང་དང་ ནང་དོན་ལ་ལུ་ཅིག་ གཙུག་སྡེ་དང་ མི་མང་ལུ་ གནོད་ཉེན་ཡོད་པའི་ དོགས་སྣང་ཡོད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ ཁྲིམས་མཐུན་དབང་འཛིན་དང་ གློག་བརྙན་བསྐྱར་ཞིབ་བཀོད་ཚོགས་ལུ་ སྤྱི་ཟླ་༣ པའི་ཚེས་༤ ལུ་ ཡིག་ཐོག་གི་ བཀའ་རྒྱ་ཅིག་ བཏོན་ཡོདཔ་ཨིན་པས།
བཀའ་རྒྱ་དེ་ཡང་ ཉིནམ་༢ ཀྱི་ཧེ་མར་ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་གློག་བརྙན་ཚོགས་པའི་དྲུང་ཆེན་ལུ་ བཀའ་རྒྱའི་གློག་བརྙན་དེ་ དྲང་ཁྲིམས་ལྷན་སྡེ་དང་ འབྲེལ་བ་ཡོད་པའི་ གློག་བརྙན་ཅིག་ཨིནམ་ལས་ མི་མང་ལུ་ གསལ་སྟོན་འབད་ནི་ འགོ་མ་བཙུགས་པའི་ཧེ་མར་ ཆེ་མཐོ་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ལུ་ གཟིགས་ཞིབ་ཕུལ་དགོ་པའི་ ཡིག་ཐོག་གི་ བཀའ་འཕྲིན་ཅིག་ སྤེལ་ཡོད་རུང་ དེ་བསྟུན་གྱི་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༤ ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་ མདོ་ཆེན་ལུ་ བཏོན་ཡོདཔ་ཨིན་པས།
གློག་བརྙན་བཟོ་མི་ ཧར་ཌརསི་ ཨིན་ཊར་ཊེན་ལས་ འབྲུག་རྒྱལ་གྱིས་ འབྲུག་གི་ཁྲིམས་ལུགས་ལུ་ གཞི་བཞག་སྟེ་ བཅོས་མ་སྦེ་བཟོ་མི་ ཁོ་གི་ བཀའ་རྒྱ་གློག་བརྙན་དེ་ གློག་བརྙན་བསྐྱར་ཞིབ་བཀོད་ཚོགས་ཀྱིས་ བསྐྱར་ཞིབ་འབད་དེ་ མི་མང་ལུ་ སྟོན་ཆོག་པའི་ གནང་བ་གྲུབ་ཡོདཔ་ལས་ བསྐྱར་ཞིབ་ལན་ཐེངས་༢ ཀྱི་དོན་ལས་ དྲང་དཔོན་ཚུ་ལུ་ གཟིགས་ཞིབ་ཕུལ་དགོཔ་མེད་ཟེར་སླབ་སྟེ་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ལུ་ ངོས་ལེན་འབད་མ་བཏུབ་ཨིན་པས།
འདི་འབདཝ་ལས་ གློག་བརྙན་དེ་གི་ གནད་དོན་ག་ཅི་ར་ཨིན་རུང་ འབྲེལ་ཡོད་ཁྲིམས་མཐུན་དབང་འཛིན་གྱི་ གཙུག་སྡེ་ཚུ་དང་ མི་མང་གི་བར་ན་ གཅིག་སྒྲིལ་ལུ་ གནོད་ཉེན་འབྱུང་སྲིད་པའི་མཐོང་སྣང་དང་ རྒྱལ་ཡོངས་ཀྱི་ཞི་བདེ་ བརྟན་གཞི་དང་ ཕན་བདེ་ ཉེས་སྤྱོད་ལུ་ ངན་བསྐུལ་འབད་བ་ ཡང་ན་ དབང་འཛིན་ཚུ་དང་ མི་སྡེའི་བར་ན་ འཁོན་འཛིན་ནམ་ འཁྲུག་སློང་ ཁྱད་གསོད་ཀྱི་ སེམས་ཤུགས་བསྐྱེད་བཅུག་པའི་ གནོད་ཉེན་ལས་བརྟེན་ བྱ་སྟབས་མ་བདེཝ་ལས་ བཀག་ཐབས་དང་ ཉེན་སྲུང་འབད་ནི་འདི་ འབྲེལ་ཡོད་དབང་འཛིན་གྱིས་ འགན་འཁྲི་ཧྲིལ་བུ་འབག་དགོ་ཟེར་ རྩོད་འཛིན་ཡོངས་ཁྱབ་ ཚེ་རིང་རྡོ་རྗེ་གིས་ མིང་རྟགས་བཀོད་དེ་བཏོན་མི་ བཀའ་རྒྱའི་ཡི་གུ་ནང་བཀོད་ནུག།
གལ་སྲིད་ གོང་གསལ་བཞིན་གྱི་ བྱ་སྟབས་མ་བདེཝ་བྱུང་ཚེ་ དེའི་ཉེན་ཁ་སོགས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དང་ འབྲུག་གློག་བརྙན་དང་ རྒྱང་མཐོང་བསྐྱར་ཞིབ་བཀོད་ཚོགས་གཉིས་ཀྱི་ སྟེང་ཁར་འཁྲི་ནི་ཨིན་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱའི་ནང་ གསལ་བཀོད་འབད་ནུག།
ཁྲིམས་སྡེའི་འགོ་དཔོན་ཅིག་གིས་འབད་བ་ཅིན་ དྲང་ཁྲིམས་ལྷན་སྡེའི་ཁ་ཐུག་ལས་ ཁྲིམས་མཐུན་དབང་འཛིན་ལུ་ འདི་བཟུམ་མའི་ གནོད་ཉེན་གྱི་ འགན་འཁྲི་བཀལ་མི་དེ་ གློག་བརྙན་མི་མང་ལུ་ སྟོན་མ་ཆོགཔ་དང་ ཡང་ཅིན་ བཀག་འཛིན་འབད་ནི་ལུ་དམིགས་ཏེ་མིན་པར་ ཤུལ་ལས་ གློག་བརྙན་ལུ་བརྟེན་ སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་མདོ་ཆེན་ བསོད་ནམས་ཕུན་ཚོགས་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱའི་སྐོར་ ག་ནི་ཡང་ སླབ་མ་བཏུབ་ཨིན་རུང་ གློག་བརྙན་གྱི་ ངོ་སྦྱོར་ལག་ཁྱེར་དེ་ གློག་བརྙན་བསྐྱར་ཞིབ་བཀོད་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ སྤྲོད་ཅི་ཟེར་ཨིན་པས།
བཀའ་རྒྱ་གློག་བརྙན་དེ་ ད་རེས་ནངས་པ་ ཕུན་ཚོགས་གླིང་ལུ་ སྟོན་པའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment