གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེའི་རིན་བསྡུར་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་སྤྲོད་དགོཔ་བཟོ་མི་དེ་ལུ་ བྱ་སྟབས་མ་བདེཝ།

༧/༣/༢༠༡༣   ༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐག་བཅད་དོ་བཟུམ་སྦེ་ རིན་བཀོད་འབད་མི་ཚུ་གིས་ རྒྱ་གར་གྱི་རུ་པི་ ངེས་པར་དུ་ སྤྲོད་དགོཔ་སྦེ་ ཐག་བཅད་མི་དེ་ དམ་དམ་སྦེ་ ལག་ལེན་འཐབ་པ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ དུས་ཅིའི་ལོ་ནང་ ཚོད་བསྲེ་རིན་བསྡུར་འབད་བའི་སྐབས་ རིན་བཀོད་འབད་མི་ ག་དེ་སྦེ་ འཐོན་འོང་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ ཀེ་བའི་རིན་བསྡུར་ འབད་བའི་བསྒང་།


གནད་དོན་དེ་གི་སྐོར་ལས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཞུ་བ་འབད་ཡོདཔ་ཨིན་རུང་ ཆ་མེད་བཏང་སྟེ་ གྲོས་ཐག་བཅད་མི་དེ་ར་ བསྟར་སྤྱོད་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ད་རུང་ཚར་ཅིག་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ གྲོས་ཐག་དེ་ དམ་དམ་སྦེ་ ལག་ལེན་འཐབ་ནི་མེདཔ་ཅིག་འབད་དགོ་པའི་སྐོར་ལས་ ལོག་གསལ་ཞུ་འབད་བར་ འཕྲལ་མགྱོགས་ར་ འགྱོ་ནི་ཨིན་པས།
དེ་མེན་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་བཟོ་མི་རིན་བསྡུར་དེ་ འགོ་འདྲེན་འཐབ་མི་ཚུགས་ནི་མས་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་ཁར་ རིན་བསྡུར་ཁང་ནང་ཡང་ འབྲུག་པའི་ སོ་ནམ་པ་ཚུ་འོང་ནི་ཨིནམ་ལས་ ཁོང་ལས་ ཉོ་མི་མེད་པའི་ དཀའ་ངལ་འཐོན་འོང་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ ཞུ་བ་འབད་ནི་ཨིན་མི་དེ་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ འདས་པའི་ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རིན་བསྡུར་འབད་སྲོལ་ཡོད་མི་ ལམ་ལུགས་དེ་ འཕྲོ་མཐུད་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲོས་ཐག་དེ་གི་སྐོར་ལས་ སླབ་པའི་སྐབས་ ཁོང་གིས་ གྲོས་ཐག་དེ་དང་འཁྲིལ་ སྟབས་མ་བདེཝ་འཐོན་ནི་ཨིནམ་ལས་ བཅའ་མར་གཏོགས་མི་ཚུགས་ནི་མས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ དྲི་བཀོད་འབད་བའི་སྐབས་ གནད་དོན་དེ་གི་སྐོར་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ན་ཧིང་གི་ལོ་ནང་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཕྱིའི་རྒྱལ་ཁབ་ཀྱི་མི་ཁུངས་ཀྱིས་ རིན་བསྡུར་ཁང་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ དངུལ་ཁང་ཚུ་ལས་ ཕྱིའི་རྒྱལ་ཁབ་ཀྱི་ཏི་རུ་དེ་ འབྲུག་པའི་ཏི་རུ་ལུ་ བརྗེ་སོར་འབད་དེ་ འབག་འོང་དགོཔ་སྦེ་ འདུག་ཟེར་ཨིན་པས།
དེ་མ་ཚད་ ཁྱབ་བསྒྲགས་དེ་གིས་ རིན་བཀོད་འབད་མི་ཚུ་གིས་ ཚོང་ཆས་ཚུ་ཡང་ དངུལ་ཁང་ཚུ་ལས་ ཏི་རུ་བརྗེ་སོར་འབད་བའི་ ཤོག་འཛིན་བཏོནམ་ད་རྐྱངམ་གཅིག་ ཐོབ་ཚུགསཔ་བཟོ་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དངུལ་ཐོག་ཡོངས་ཁྱབ་མདོ་ཆེན་ སངས་རྒྱས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱབ་བསྒྲགས་དེ་ རིན་བསྡུར་གྱི་ དུས་ཚོད་མཇུག་བསྡུཝ་ད་རྐྱངམ་གཅིག་ ལྷོད་ནི་དེ་གིས་ ལག་ལེན་འཐབ་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་ རིན་བསྡུར་དེ་ འབྲུག་རྒྱལ་ཁབ་ནང་འབདཝ་ལས་བརྟེན་ རིན་བཀོད་འབད་མི་ཚུ་གིས་ ད་རེས་ཀྱི་རིན་བསྡུར་སྐབས་ལུ་ རུ་པི་ཐོག་ལས་ སྤྲོད་བཅུག་ནིའི་དོན་ལུ་ ཡིད་ཆེས་བསྐྱེད་བཅུག་ནི་དེ་ འཇམ་ཏོང་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ རིན་བཀོད་འབད་མི་ཚུ་གིས་ བཅའ་མར་མ་གཏོགས་པ་ཅིན་ སོ་ནམ་པ་ཚུ་གིས་ འབག་འོང་མི་ དངུལ་ཐོག་ཚུ་གི་ གོང་ཚད་ཚུ་ མར་འབབ་འགྱོ་འོང་ཟེར་ སླབ་ཨིན་པས།
ཉིནམ་དག་པ་ཅིག་གི་ཧེ་མར་ རྒྱ་གར་ལས་ རིན་བཀོད་འབད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ཁྱབ་བསྒྲགས་དེ་ལུ་ བསྒྱུར་བ་མེད་པ་ཅིན་ ཁོང་གིས་ འབྲུག་པའི་ཆོག་ཐམ་འཆང་མི་ཚུ་ རིན་བསྡུར་འབད་བཅུག་ནིའི་དོན་ལུ་ གླ་ཁར་ལེན་ནི་ཟེར་ བཤད་ཡོདཔ་ཨིན་པས།
དེ་གིས་ རྒྱལ་ཁབ་ནང་ ད་ལྟོའི་བར་ན་ཡང་ འབྲུག་པའི་ཚོང་འབྲེལ་ཆོག་ཐམ་ཚུ་ ཕྱིའི་མི་ཚུ་གིས་ ལག་ལེན་འཐབ་སྟེ་ ཚོང་འབྲེལ་འཐབ་དོ་ཡོད་པའི་ དཀའ་ངལ་བྱུང་མི་དེ་ ཧེང་བཀལ་ར་ མངམ་འཐོན་འོང་ཟེར་ཨིན་པས།
དེ་འབདཝ་ལས་ ཡོངས་ཁྱབ་འཛིན་སྐྱོང་མདོ་ཆེན་གྱིས་ འབྲེལ་བ་ཡོད་པའི་དབང་འཛིན་དང་ ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་མཐིལ་ཕྱིན་འབད་དགོཔ་འོང་ཟེར་ཨིནམ་ད་ ཁོ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཁྱབ་བསྒྲགས་འབད་དོ་བཟུམ་སྦེ་ དངུལ་ཐོག་ཀེ་བ་དང་ གཞན་ཚོད་བསྲེའི་རིགས་ཚུ་ རྒྱ་གར་ལུ་ བཙོང་ཐབས་མེད་ཟེར་ཨིན་པས།
ང་བཅས་ཀྱིས་འབད་མི་དེ་ རིན་བསྡུར་ཨིནམ་ལས་ ལས་སྡེ་ཅིག་ལུ་ ཕྱིར་ཚོང་འབདཝ་མེནམ་ད་ ག་དེ་སྦེ་ཨིན་་རུང་ ལམ་ལུགས་དེ་གིས་ སྟབས་མི་བདེ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྒྱ་གར་གྱི་ རིན་བཀོད་འབད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱབ་བསྒྲགས་དེ་ལུ་ བསྒྱུར་བ་མེད་པ་ཅིན་ འབྲུག་མི་ཚུ་ཡང་ རྒྱ་གར་ལུ་འོངམ་ད་ རུ་པི་ར་ སྤྲོད་དགོཔ་བཟོ་འོང་ཟེར་ཨིནམ་ད་ ཕ་ལ་ཀ་ཊ་ལས་ སྦུང་ཚོང་རྐྱབ་མི་ ཚོད་བསྲེ་ཚོང་པ་ཚུ་ལུ་ཡང་ འབྲུག་མི་ཚུ་ལས་ རུ་པི་ལེན་དགོཔ་སྦེ་ བཟོ་དགོཔ་འོང་ཟེར་ཨིན་པས།
ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གཙོ་འཛིན་འོག་མ་ པུཤ་པ་ལཱལ་ ཆེ་ཏི་རི་གིས་ གནད་དོན་དེ་ལུ་ འཕྲལ་མགྱོགས་ར་ གྲོས་བསྟུན་འབད་དེ་ འགོ་ཐོག་གྲོས་འཆར་བཀོད་མི་ལས་ འགོ་བཟུང་སྟེ་ གྲོས་བསྟུན་འབད་དེ་ ལོག་གསལ་བསྒྲགས་འབད་འོང་ཟེར་ཨིནམ་ད་ བསྒྱུར་བ་ཡོད་པ་ཅིན་ ལོག་གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ རིན་བསྡུར་ཁང་ཚུ་ལས་ ཀེ་བ་དང་ གཞན་ཚོད་བསྲེའི་རིགས་ ཤིང་འབྲས་ཚུ་ རིན་བསྡུར་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༤༡༧ བཟོ་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ཡོད་མི་ རིན་བསྡུར་ཁང་རྐྱངམ་གཅིག་ལས་ དངུལ་ཀྲམ་ས་ཡ་༣༦༢ བཟོ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment