གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་དང་ ནང་སྲིད་བློན་པོ་གིས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་ཚ་གྱང་།

༡༡/༣/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ ཚེས་༨ ལུ་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་འབད་བའི་ རྩོད་གཞི་གི་ འཁྲུན་ཆོད་བཏོན་མི་དང་འཁྲིལ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་༢ པའི་བཙག་འཐུ་ནང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བཅའ་མར་གཏོགས་ཆོག་མི་ཆོག་གི་ཚ་གྱང་ ད་ལྟོའི་ གཞུང་སྐྱོང་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་ལུ་ ཡོདཔ་ཨིན་པས།


དེ་ཡང་ ཚོགས་པའི་རྒྱབ་སྐྱོར་བ་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ བློ་བདེ་ཅན་གྱི་འཐུས་མི་ཨིན་རུང་ འཁྲུན་ཆོད་ལུ་བརྟེན་ ཤུལ་མའི་བཙག་འཐུ་ནང་ ག་དེ་སྦེ་ བཅའ་མར་གཏོགས་ཆོག་ག་ཟེར་བའི་ དོགས་སྣང་ཡོད་ཟེར་ཨིནམ་ད་ དེ་ཡང་ ཚོགས་པའི་འཐུས་མི་ཚུ་གི་གྲས་ལས་ ཁོང་༢ ཆ་ར་ བློན་པའི་གོ་གནས་ཅན་ འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལཝ་ད་ མི་ངོ་གང་རུང་ཅིག་ལུ་ ཉེས་རྩོད་ཀྱི་ ཉེས་པ་ཕོག་པ་ཅིན་ རྒྱལ་ཡོངས་བཙག་འཐུའི་ནང་ དོ་འགྲན་འབད་མི་ཆོག་ཟེར་ ཡོདཔ་ཨིན་པས།
མོང་སྒར་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་ཆུང་གི་འཐུས་མི་ཚུ་ལུ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་དང་འཁྲིལ་ ཉེས་བྱ་ཕོག་ཡོདཔ་ལས་ ཉེས་རྩོད་ཀྱི་ཉེས་པ་ཕོག་ཟེར་ཨིནམ་ད་ དེ་ཡང་ ཁོང་གིས་ ཚུལ་མིན་ཐོག་ལས་ གཞུང་གི་རྒྱུ་ནོར་དེ་ བགོ་བཀྲམ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཨིན་རུང་ དྲང་དཔོན་གྱིས་འབད་བ་ཅིན་ ནང་སྲིད་བློན་པོ་དང་ ཚོགས་དཔོན་༢ ཀྱིས་ ལོག་སྟེ་ བཙག་འཐུའི་ནང་ དོ་འགྲན་འབད་ཆོག་མི་ཆོག་གི་སྐོར་ལས་ ད་ལྟོ་ ཁོ་གིས་ སླབ་མི་ཤེས་ཟེར་ཨིནམ་ད་ དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བཙག་འཐུའི་ལམ་ལུགས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ དེ་དང་འཁྲིལ་འོང་ཟེར་ཨིན་པས།
དྲང་དཔོན་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ རྩོད་དོན་ནང་ རྫོང་ཁག་ཁྲིམས་འདུན་གྱི་ཧོངས་ལས་ ཚོགས་པ་ཚུ་གིས་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ གཞུང་ཞབས་ལས་གནང་མི་ སྤྱི་ལོ་༡༩༨༧ གྱི་ བཀའ་རྒྱའི་དགོངས་དོན་དེ་ གྲུབ་ཚུགས་ནུག་ག་དང་ གཞུང་གི་ལམ་སྟོན་དང་ ཁྲིམས་ལུགས་ཚུ་དང་འཁྲིལ་ཏེ་ འབད་ནུག་ག་ལྟཝ་ད་ བགོ་བཀྲམ་དེ་ ཚུལ་མཐུན་མ་འགྱོ་བས་ཟེར་ཨིནམ་ད་ ཚུལ་མཐུན་འབད་ སྤྲོད་ཡོད་པའི་སྐོར་ལས་ བསམ་སྦྱོར་ལས་འདས་པའི་ སྒྲུབ་བྱེད་ཡོད་པ་ཅིན་ ཁོ་གིས་ དགོངས་ཡངས་བཏང་བཏངམ་འོང་ཟེར་ཨིན་པས།
ཨིན་རུང་ ཐིམ་ཕུ་ལས་ ཁྲིམས་དོན་མཁས་མཆོག་ ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཤུལ་མའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་འཐོབ་ནི་བཟུམ་ཅིག་ཡོད་མི་དེ་ཡང་ གཞུང་རྩ་གྲོལ་འགྱོ་ནིའི་ དུས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ཨིནམ་ལས་ དེ་ཡང་ ཆེ་མཐོ་དང་མངོན་མཐོ་ལུ་ མཐོ་གཏུགས་འབད་བ་ཅིན་ འཁྲུན་ཆོད་བཏོན་ནིའི་ དུས་ཚོད་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་འདུན་གྱིས་མཛད་དགོ་པའི་ སྔོན་འགྲོའི་ལཱ་ཚུ་ རྫོང་ཁག་ཁྲིམས་འདུན་གྱིས་ འབད་ཡོདཔ་ལས་ རྩ་བ་ལས་ ལཱ་འབད་མ་དགོ་པར་ ཡིག་ཆ་ཚུ་བསྐྱར་ཞིབ་མཛད་དེ་ འཁྲུན་ཆོད་བཏོན་ནི་ཨིནམ་ལས་ འཁྲུན་ཆོད་དེ་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལས་ སོ་སོར་བཏོན་ནི་མེད་པ་ཅིན་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱིས་ ཤུལ་མའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཆོག་ནི་ཨིན་པས།
ད་རེས་ནངས་པ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ ཨིན་ན་མེན་ནའི་ མནོ་བསམ་བཏང་པའི་བསྒང་ཡོདཔ་ད་ དེ་ཡང་ མཐོ་གཏུགས་འབད་དགོ་པ་ཅིན་ གཞུང་གི་ངལ་གསོ་མ་རྩིས་བར་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ འབད་དགོཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment