གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དང་འདོད་བསྐྱེད་རུང་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི།

༡༦/༣/༢༠༡༣   ༉ དབང་འདུས་ཕོ་བྲང་ དགའ་སེང་ཚོ་གོངམ་རྒེད་འོག་གི་ མི་སེར་ཚུ་གིས་ ཁ་ཙ་ རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོ་བཙག་འཐུ་འབད་ནིའི་དོན་ལུ་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུའི་འགོ་དཔོན་ཚུ་ལུ་ རྒེད་འོག་ནང་ལས་ ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་མེདཔ་སྦེ་ སླབ་མི་ལུ་བརྟེན་ སྐྱེས་ལོ་༣༢ འབད་མི་ ཀུན་ལེགས་དབང་ཕྱུག་གིས་ དུས་ཅི་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པས།


བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ དང་འདོད་སྐྱེད་མི་ ཀུན་ལེགས་དབང་ཕྱུག་དེ་ ཁོ་རའི་ ཨ་ཞེམོ་ལས་ མཁལ་རྡོག་བཏོན་བཙུགས་པའི་ཤུལ་ལུ་ ད་རེས་ རྒྱ་གར་ལུ་ཡོད་པའི་ བེ་ལོར་སྨན་ཁང་ནང་ སྨན་བཅོས་འབད་དེ་ དྲག་པའི་བསྒང་ཡོདཔ་ཨིན་པས།
ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ཡོད་པའི་སྐོར་ལས་ བརྡ་བརྒྱུད་ཀྱི་ཐོག་ལས་ དང་འདོད་གསལ་བཏོན་འབད་ཡོདཔ་ཨིན་རུང་ དགའ་སེང་ཚོ་གོངམ་ རྒེད་འོག་འགོ་དཔོན་ཚུ་དང་ བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་ལུ་ བརྡ་དོན་མ་ཐོབ་ཟེར་ཨིན་པས།
ཁ་སྨད་སྤྱི་འོག་གི་ཚོགས་པ་ ཕུར་པ་གིས་འབད་བ་ཅིན་ མ་གཞི་ ཀུན་ལེགས་དབང་ཕྱུག་གི་ཨའི་གིས་ མོ་རའི་བུ་དེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིནམ་སྦེ་ རྒེད་འོག་འགོ་དཔོན་དང་ བཙག་འཐུའི་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ བཙག་འཐུའི་འགོ་དཔོན་ཚུ་གིས་ དང་འདོད་ཡོད་པ་ཅིན་ ཡིག་ཆ་ཚུ་འབག་སྟེ་ མི་ངོ་བོ་སྦེ་ར་ འཛོམས་འདུ་ནང་འོང་དགོ་ཟེར་སླབ་སྟེ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༧ ལུ་ རྒྱལ་ཁབ་ནང་ ལོག་ལྷོད་ནི་ཨིན་མི་ ཀུན་ལེགས་དབང་ཕྱུག་གིས་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཡིག་ཆ་ཚུ་སྤྲོད་དེ་ ཐོ་བཀོད་འབད་ནིའི་ དུས་ཡུན་མཇུག་དེ་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ཨིནམ་ལས་ ད་ལྟོ་ དུས་ཚོད་ཡོད་པའི་ མནོ་བསམ་བཏང་ཡི་ཟེར་ སླབ་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ བཤད་མིའི་ནང་ ཉིནམ་དག་པ་ཅིག་གི་ཧེ་མར་ ཁོ་གིས་ རྫོང་ཁག་ངོས་ལེན་འགོ་དཔོན་ལུ་ བརྒྱུད་འཕྲིན་ཐོག་ལས་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ཁོ་ལུ་ འཛོམས་འདུའི་སྐོར་ལས་ ག་ཅི་ཡང་མ་སླབ་ཟེར་ཨིནམ་ད་ ངོས་ལེན་འགོ་དཔོན་དེ་ དབང་འདུས་ཕོ་བྲང་ལུ་ འགྱོ་བའི་ལམ་ཁར་སྡོད་པའི་སྐབས་ འཛོམས་འདུ་དེ་ བཙག་འཐུའི་འགོ་དཔོན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ བསོད་ནམས་དབང་རྒྱལ་གྱིས་འབད་བ་ཅིན་ ཁོང་གིས་ ཀུན་ལེགས་དབང་ཕྱུག་དང་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་ཡོདཔ་ཨིན་རུང་ འབྲེལ་བ་འཐབ་མ་ཚུགསཔ་ད་ ཁོ་ར་གིས་འབད་རུང་ དང་འདོད་ཡོད་ལུགས་ཀྱི་སྐོར་ལས་ ཁོང་ལུ་ སླབ་སླབ་མེདཔ་ལས་ འཛོམས་འདུ་འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དགའ་སེང་ཚོ་གོངམ་གི་རྒཔོ་ རིན་ཆེན་མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛོམས་འདུ་འགོ་འདྲེན་འཐབ་མི་དེ་ བཙག་འཐུའི་འགོ་དཔོན་ཚུ་དང་འཁྲིལ་ཏེ་ཨིནམ་མ་གཏོགས་ རྒེད་འོག་གིས་ གྲོས་ཐག་བཅད་བཅདཔ་ མེན་ཟེར་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ བཙག་འཐུ་ནང་ དོ་འགྲན་འབད་ནི་སྦེ་ ཁོ་རའི་མིང་ཡང་ བཙག་འཐུའི་ཡོངས་འབྲེལ་ནང་ ཐོ་བཀོད་འབད་དེ་ཡོདཔ་མ་ཚད་ ལྷན་ཚོགས་ཀྱི་ གསལ་བསྒྲགས་ནང་ རྒེད་འོག་ནང་ལས་ གདམ་འཐུ་འབད་བའི་སྐབས་ ཡིག་ཆ་ཚུ་དགོ་ཟེར་ མ་བཀོད་པས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment