གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལས་ ཚོགས་སྡེའི་འདེམས་ངོ་གསརཔ།

༡༦/༣/༢༠༡༣   ༉ འབྲེལ་བ་ཡོད་པའི་ དབང་འཛིན་ཚུ་ལས་ ཡིག་ཐོག་གི་ལཱ་ཚུ་ག་ར་ འབད་ཚར་ཡོདཔ་ལས་ མགར་ས་རྫོང་ཁག་ ཁ་སྨད་རྒེད་འོག་ དགོན་འདམ་སྦྱིས་ལས་ སྐྱེས་ལོ་༣༢ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་དང་པ་སྦེ་ ཐོན་ཡོདཔ་ཨིན་པས།
ཡེ་ཤེས་རྡོ་རྗེ།


སྤྱི་ལོ་༢༠༠༧ ལུ་ རྒྱ་གར་སི་ཀིམ་ མ་ནི་པཱལ་གཙུག་ལག་སློབ་སྡེ་ལས་ ཚོང་རིག་དང་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ཡེ་ཤེས་རྡོ་རྗེ་གིས་ ལོ་ངོ་གསུམ་གྱི་རིང་ ཁོ་རའི་རྒེད་འོག་ ཁ་སྨད་ སྦྱིས་གཤོང་འབྲིང་རིམ་སློབ་གྲྭ་བར་མ་ནང་ ཁག་འབག་གི་ སློབ་དཔོན་འབད་སྡོད་ཡོདཔ་ད་ དེ་གི་ཤུལ་ལས་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་འབད་བའི་ཤུལ་ལུ་ ལྟ་བཤལ་ལམ་སྟོན་པའི་ལཱ་ཚུ་ འབད་ཡོདཔ་ཨིན་པས།
ཨ་ལུ་ཅིག་གི་ཨ་པ་ཨིན་མི་ ཡེ་ཤེས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྤྱི་ལོ་༢༠༠༧ ལུ་ མཐོ་རིམ་ཤེས་ཡོན་ལྷབ་ཚར་བའི་སྐབས་ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་དང་པ་ འགོ་བཙུགསཔ་དང་འབྲེལ་ དེ་ཁར་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ ཁོ་ལུ་ གཙུག་ལག་སློབ་སྡེ་ལས་ ལག་ཁྱེར་ངོ་མ་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགསཔ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་ནི་ལས་ བཀག་ཆ་འབད་ཡི་ཟེར་ཨིན་པས།
དུས་ཅི་ བཙག་འཐུ་ནང་ལོག་སྟེ་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་དེ་ མི་དབང་རྒྱལ་པོའི་ གསོལ་རས་ཨིན་པའི་ཁར་ ཁོ་གིས་ སྲིད་དོན་ཚོགས་པ་ནང་མེན་པར་ ཚོགས་སྡེ་གི་དོན་ལུ་ དོ་འགྲན་འབད་མི་དེ་ཡང་ ཚོགས་སྡེ་གི་ ལཱ་འགན་ངོ་མ་ར་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ཁྲིམས་ཚུ་ བསྐྱར་ཞིབ་འབད་ནི་དེ་ ཨིན་པའི་ཁར་ མི་སེར་གྱིས་ ཞུ་བ་འབད་མི་ཚུ་ གཞུང་ལུ་ ལྷོད་ཚུགསཔ་བཟོ་ནི་གི་ འགན་ཁུར་འབག་ཚུགས་པས་ཟེར་ཨིན་པས།
འདེམས་ངོ་ཁོ་ར་ སྐྱེས་ས་ལ་ཡ་ལས་ཨིན་རུང་ ད་ལྟོ་ ཁ་སྨད་ལུ་ གཞིས་ཆགས་ཏེ་ཡོདཔ་ད་ ཁོ་གི་སྤུན་ཆ་དང་ གཡུས་ཁའི་མི་ཚུ་གིས་ རྒྱབ་སྐྱོར་ཡོད་ལུགས་ཚུ་ བཤདཔ་ཨིན་རུང་ ཁོ་གི་ཁ་ཐུག་ལས་ ཁས་བླངས་གསལ་བསྒྲགས་ཚུ་ ག་ནི་ཡང་ འབད་མི་ཚུགས་ཟེར་ ཨིན་པའི་ཁར་ ཁས་བླངས་འབད་ནི་དེ་ ཚོགས་སྡེ་ལུ་ཕོག་པའི་ འགན་ཁུར་བཟུམ་ མི་མཐོང་པས་ཟེར་ཨིནམ་ལས་ ག་ཅི་རང་འབད་ནི་ཡོད་རུང་ གདམ་འཐུ་འགྲུབ་པ་ཅིན་ མི་སེར་གྱི་རེ་འདོད་ཚུ་ འགྲུབ་ཚུགསཔ་ འབད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་ར་ ཆུང་ཀུའི་བསྒང་ དཔེ་ཆ་ལྷབ་ས་ཡང་ གཡུས་ཁ་ལུ་ཨིན་པའི་ཁར་ སྦོམ་ས་ཡང་ གཡུས་ཁ་ལུ་འབད་ནི་དེ་གིས་ གཡུས་ཁའི་གནས་སྟངས་ཚུ་ག་ར་ ཁོ་གིས་ལེགས་ཤོམ་སྦེ་ར་ ཤེས་ཚུགས་ཟེར་ཨིན་པས།
ཁོ་གིས་ འདེམས་ངོ་གསརཔ་སྦེ་ཐོན་མི་དེ་ དང་པ་ཨིན་རུང་ ད་ལྟོའི་འཐུས་མི་གིས་ཡང་ འབྲེལ་གཏོགས་འབད་ནི་ལུ་ དང་འདོད་ཡོད་པའི་སྐོར་ལས་ གསལ་བསྒྲགས་འབད་ཡོད་པའི་ཁར་ ད་རུང་ གཞན་མི་རྒེད་འོག་ནང་ལས་ འདེམས་ངོ་ཅིག་ འཐོན་ནི་གི་ ལོ་རྒྱུ་ཡོདཔ་ལས་ རྫོང་ཁག་ནང་ལས་ འདེམས་ངོ་༣ དེ་ཅིག་ འཐོན་ནི་བཟུམ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment