གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་མི་ཚུ་ལུ་ བཙག་འཐུའི་གོ་བ་ལེགས་ཤོམ་མེདཔ།

༡༦/༣/༢༠༡༣   ༉ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་འགོ་བཙུགས་ཏེ་ ལོ་༥ གི་རྒྱབ་ལས་ ད་རུང་ བཙག་འཐུ་ཐེངས་༢ པ་འགོ་འདྲེན་འཐབ་ནིའི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༡༤ ལས་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བཏོན་ནིའི་ འཛོམས་འདུ་ལས་རིམ་ འགོ་བཙུགས་ཡོདཔ་བཞིན་དུ་ དབང་འདུས་རྫོང་ཁག་གི་ རྒེད་འོག་༣ ནང་ འཛོམས་འདུ་ཚོགས་པའི་སྐབས་ རྒེད་འོག་༣ ཆ་ལས་ར་ འཐུས་མི་གསརཔ་ བཏོན་ནི་མེདཔ་ཨིན་པས།
ནཱ་ཧི་རྒེད་འོག་ལྟེ་བ་ནང་ འཛོམས་འདུའི་དོན་ལུ་འོང་མི་
ཨ་རྒས་བོད་ཀྲུ


བཙག་འཐུའི་བྱ་སྒོ་ལམ་ལུགས་དང་འཁྲིལ་བ་ཅིན་ འཛོམས་འདུའི་སྐབས་ རྒེད་འོག་སོ་སོ་ལས་ ཚོགས་སྡེའི་འདེམས་ངོ་ཡོད་པ་ཅིན་ མི་སེར་ཚུ་གིས་ བཏོན་དགོ་ནི་ཨིནམ་ད་ མེད་པ་ཅིན་ ད་ལས་ཕར་ ཏོན་ནི་མེད་ཟེར་བའི་ ཡིག་ཐོ་ནང་བཀོད་དེ་ གཞུང་ལུ་ཕུལ་དགོཔ་ཨིནམ་ད་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ དགའ་སེང་ཚོ་གོངམ་དང་ སྦྱེད་ནག་ དེ་ལས་ ནཱ་ཧི་རྒེད་འོག་ནང་ལས་ འདེམས་ངོ་གསརཔ་མེདཔ་ལས་ ད་ཚུན་གྱི་བར་ན་ རྫོང་ཁག་གི་དོན་ལུ་ འདེམས་ངོ་༣ ཐོན་མི་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་དགོ་ནི་ཨིན་པས།
འདེམས་ངོ་༣ དེ་ཡང་ རུས་སྦིས་རྒེད་འོག་ལས་ སྐྱེས་ལོ་༣༡ ལང་མི་ བཀྲིས་རྡོ་རྗེ་དང་ དགའ་སེང་ཚོ་གོངམ་ལས་ སྐྱེས་ལོ་༣༢ ལང་མི་ ཀུན་ལེགས་དབང་ཕྱུག་ དེ་ལས་ དབང་ཁྲོམ་ལས་ སྐྱེས་ལོ་༣༤ ལང་མི་ ཕྱག་རྡོར་རྣམ་རྒྱལ་ཚུ་ཨིནམ་ད་ ད་རེས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསོད་ནམས་དབྱངས་ཅན་གྱིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་སྐོར་ལས་ ད་ལྟོ་ ལོ་རྒྱུས་ག་ནི་ཡང་ མེདཔ་ཨིན་པས།
ནཱ་ཧི་རྒེད་འོག་ལས་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་༧༢ ཀྱི་གྲས་ལས་ ཨམ་སྲུ་༢༡ ཡོདཔ་ད་ ཁོང་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཕོ་སྐྱེས་ཚུ་ ལཱ་སར་འགྱོ་ནི་དེ་གིས་ ཨམ་སྲུ་ཚུ་འོང་ཡི་ཟེར་ཨིནམ་ད་ དེ་གི་གྲས་ལས་ཡང་ མང་ཤོས་ར་ རྒན་རྒས་ཚུ་ཨིན་པས།
སྐྱེས་ལོ་༧༤ ལང་མི་ བོད་ཀྲུ་གིས་འབད་བ་ཅིན་ ཁོ་ར་ ལོ་ན་རྒས་ནི་དེ་གིས་ ཁྱིམ་ནང་སྡོད་པ་ཅིན་ ལཱ་འབད་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ གཞོནམ་ཚུ་ཁྱིམ་ནང་བཞག་སྟེ་ ཁོ་ར་ འོང་ཡི་ཟེར་ཨིན་པས།
མ་གཞི་ བོད་ཀྲུ་རྩིསཝ་ད་ ཁྱིམ་ནང་ལས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་མི་༦ ཡོད་རུང་ གཞན་ཚུ་གིས་ ལཱ་ལུ་སྤྲོ་བ་ལེན་ཏེ་ འཛོམས་འདུ་ནང་ མ་འོང་མི་དེ་ བཙག་འཐུ་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ བརྩི་མཐོང་མེད་པའི་བརྡ་མཚོན་ཨིནམ་ད་ དེ་ཡང་ བོད་ཀྲུ་གི་མནོ་བསམ་ལས་འབད་བ་ཅིན་ འཛོམས་འདུ་དེ་ བཙག་འཐུ་དང་འབྲེལ་བ་ཅན་ཨིན་ཟེར་མ་གཏོགས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བཏོན་དགོ་པའི་སྐོར་ལས་ མ་ཤེསཔ་ཨིན་པས།
ཁོ་བཟུམ་སྦེ་ དེ་ཁར་འོང་མི་ མང་ཤོས་ཅིག་གིས་ འཛོམས་འདུའི་གནད་དོན་ ཧ་མ་གོ་བའི་ཁར་ ལ་ལུ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་སྐོར་ལས་ དབྱེ་བ་ཕྱེ་མ་ཚུགས་པའི་ཁར་ ལ་ལུ་ཅིག་གིས་འབད་བ་ཅིན་ འཛོམས་འདུ་དེ་ ཚོགས་འདུའི་འདེམས་ངོ་ བཙག་འཐུ་འབད་ནིའི་སྐོར་ལས་ཨིན་ཟེར་ སླབ་མི་ཡང་ཐོན་ཡི།
དེ་ལུ་ལྟ་བ་ཅིན་ གྲོང་གཡུས་ཚུ་ནང་ བཙག་འཐུ་དང་འབྲེལ་བའི་ ཤེས་རྟོགས་མེད་པའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ ཤེས་རྟོགས་མེད་པ་ཅིན་ རང་གིས་མནོ་མི་འདེམས་ངོ་དེ་ བཙག་འཐུ་འབད་ཚུགས་ནིའི་ གོ་སྐབས་ཉུང་སུ་ཅིག་ལས་ མེདཔ་ཨིན་པས།
མ་གཞི་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༦༨༨ ཡོད་མིའི་ནང་ལས་ འཛོམས་འདུ་ནང་༧༢ ལས་བརྒལ་ མ་འོང་མི་ལུ་ལྟ་བ་ཅིན་ འཛོམས་འདུའི་སྐོར་ལས་ མ་ཤེསཔ་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ནཱ་ཧི་རྒཔོ་ དཀར་པོ་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་ཁའི་མི་ཚུ་གིས་ འཛོམས་འདུ་དེ་ བཙག་འཐུ་དང་འབྲེལ་བ་ཨིན་ཟེར་ སླབ་པ་ཅིན་ མང་ཤོས་ཅིག་གིས་ འོང་མི་བཏུབ་པས་ཟེར་ཨིན་པས།
དེ་ཡང་ རྒཔོ་གིས་འབད་བ་ཅིན་ བཙག་འཐུ་གྲུབ་པའི་ཤུལ་ལས་ འདེམས་ངོ་ཚུ་གིས་ གཡུས་ཁར་ རྒྱ་ལམ་ལས་བརྒལ་ མ་འོང་པའི་སྐབས་ འཐུས་མི་དང་ ཚོགས་རྒྱན་བཙུགས་མི་ཚུ་གི་བར་ན་ འབྲེལ་བ་མེདཔ་འགྱོ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།

འཛོམས་འདུའི་སྐབས་ལུ་འབད་རུང་ ཁོང་གིས་ བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ སྤྲོ་བ་མེད་མི་དེ་ ཁས་བླངས་གསལ་བསྒྲགས་སྐབས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགས་པའི་ཁར་ ལ་ལུ་ཅིག་གིས་ བཙག་འཐུ་གྲུབ་པའི་ཤུལ་ལས་ གཡུས་ཁར་འོང་ནི་མེདཔ་ལས་ བཙག་འཐུ་ལུ་ བློ་ཕམ་བྱུངམ་མས་ཟེར་ཨིན་པས།
འཛོམས་འདུ་སྐབས་ བཙག་འཐུ་ལྷན་ཚོགས་ཀྱི་ངོ་ཚབ་ རྫོང་ཁག་བདག་སྐྱོང་འགོ་དཔོན་༣ གྱིས་ འཛོམས་འདུ་རྐྱབ་དགོ་པའི་ གནད་དོན་དང་ དེའི་ཁེ་ཕན་ དེ་ལས་ བཙག་འཐུ་གི་ བྱ་སྒོའི་ལམ་ལུགས་དང་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ བཤད་བྱིན་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment