གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚད་ནད་ཐོབ་སའི་ས་གནས་ཅིག་ཨིན་རུང་ ག་ཐོབ་རྐྱབ་དོ་ཡོདཔ།

༡༦/༣/༢༠༡༣   ༉ རྒྱལ་ཁབ་ནང་ རྒྱལ་རབས་དང་ལྡན་པའི་ རྩོད་གཞི་ཅིག་ལུ་གྱུར་མི་ རྒྱལ་པོའི་ཞིང་གི་ཁྲོམ་དེ་ མོང་སྒར་རྫོང་ཁག་ལས་ ཐིམ་ཕུ་ཁ་ཐུག་ལུ་ཀི་ལོ་མི་ཊར་༣༠ དེ་ཅིག་གི་ ས་གནས་ཁར་ ཆགས་ཏེ་ཡོདཔ་ད་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ ཧེ་མ་འབད་བ་ཅིན་ ས་གནས་དེ་ཁར་ མི་ཚུ་ལྷོད་པ་ཅིན་ ཚད་ནད་ཐོབ་པའི་ འདྲོག་བྱེལ་འཐབ་དོ་ཡོདཔ་ལས་ མི་ཚུ་གིས་ ས་གནས་དེ་ཁར་ འགྱོ་ནི་ལས་ འཛེམ་དོ་ཡོདཔ་ཨིན་པས།
ལོ་དག་པ་ཅིག་གི་ཤུལ་ལས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལས་ ཁྲོམ་སྡེ་ལྟེ་བ་ཅིག་ལུ་འགྱུར་ནི་ཨིན་མི་ མོང་སྒར་རྒྱལ་པོའི་ཞིང་།


ཨིན་རུང་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ རྒྱལ་པོའི་ཞིང་ལུ་ གཞིས་ཆགས་ནི་ལུ་ དང་འདོད་བསྐྱེད་མི་དེ་ གནད་དོན་སྦོམ་ཅིག་ཡོདཔ་ད་ དེ་ཡང་ གློག་ཤུགས་མེ་ག་ཝཱཊ་༦༠ དེ་ཅིག་འབད་མི་ ཀུར་རི་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ཨིན་པས།
དེ་མ་ཚད་ འཕྲལ་མགྱོགས་ར་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་གཞུང་ལམ་དེ་ བཏོན་ཚར་ནི་ཨིནམ་ལས་ ཁྲོམ་དེ་ ལོ་དག་པ་ཅིག་གི་ཤུལ་ལས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ཚོང་འབྲེལ་འཐབ་སའི་ ཚོང་སྒོ་ངོ་མ་ཅིག་ལུ་ འགྱུར་ནི་གི་ ཐེ་ཚོམ་མེདཔ་ལས་བརྟེན་ཨིན་ཟེར་ རྒྱལ་པོའི་ཞིང་གི་ ཚོང་པའི་འཐུས་མི་ མགོན་པོ་གིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ གཟན་དོམ་གྱི་དཀའ་ངལ་ལུ་བརྟེན་ ཚད་པའི་ནད་གཞི་ ཐོབ་དོ་ཡོདཔ་ལས་ ས་གནས་དེ་ཁར་ སྡོད་ནི་དེ་ཡང་ ཚ་གྱང་ཅན་ཅིག་ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་འཁྲིལ་ གནས་སྟངས་བསྒྱུར་བཅོས་སོང་ཡོདཔ་ལས་ ད་རེས་ནངས་པ་ མི་ཚུ་གིས་ རྒྱལ་པོའི་ཞིང་ལུ་ གཞིས་ཆགས་ནི་ལུ་ མ་དགའ་མི་ ག་ཡང་མེདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ས་ཆའི་གོང་ཚད་ཡང་ ཁྱིམ་ས་ཅིག་གི་དོན་ལུ་ར་ གོང་ཚད་དངུལ་ཀྲམ་འབུམ་༡༢ དང་༡༣ གྱི་བར་ན་ སླབ་དོ་ཡོདཔ་ལས་ ཉོ་ཚུགས་ནི་ལུ་ ལཱ་ཁག་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
མོང་སྒར་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ ས་གནས་ཁར་ཡོད་པའི་ རྒྱལ་པོའི་ཞིང་གི་ཁྲོམ་དེ་ ཀུར་རི་ཟམ་པ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ ས་གནས་ཁར་ ཚ་དྲོད་ཡོད་རུང་ ཀུར་རི་ཆུའི་ཆུ་རྫིང་ལུ་བརྟེན་ ལུང་གཤོང་དགའ་ཏོག་ཏོ་ནང་ཡོདཔ་ལས་ ས་གནས་དེ་ཁའི་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་དེ་ ལོ་༥ དེ་ཅིག་གི་ཤུལ་ལས་ ཕུན་ཚོགས་གླིང་གི་ ཁྲོམ་བཟུམ་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་པོའི་ཞིང་ཁྲོམ་ཁར་ སྒྲིང་ཁྱིམ་༡༦ དེ་ཅིག་དང་ ཚོང་པ་༢༠ ལྷགཔ་ཅིག་དང་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་སྡོད་ཁྱིམ་ དེ་ལས་ མགྲོན་ཁྱིམ་ལ་སོགས་པ་ཚུ་ཡོདཔ་མ་ཚད་ འབྲིང་རིམ་སློབ་གྲྭ་གོང་མ་ཅིག་དང་ འབྲིང་རིམ་སློབ་གྲྭ་འོག་མ་ཅིག་ དེ་ལས་ སྨན་ཁང་དང་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ སྣུམ་འཁོར་བཅོ་ཁང་དང་ དངུལ་ཁང་ལ་སོགས་པའི་གཞུང་གི་ཡིག་ཚང་གཞན་ཡང་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ གི་ མི་འབོར་གྲངས་རྩིས་དང་འཁྲིལཝ་ད་ ས་གནས་དེ་ཁར་ མི་རློབས་༢,༠༠༠ ལྷགཔ་ཅིག་ཡོད་ཟེར་ འཐུས་མི་ མགོན་པོ་གིས་ སླབ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ ཆུ་མཛོད་ཁང་ལུ་བརྟེན་ རྒྱལ་སྤྱིའི་ལྟ་བཤལ་པ་དང་ ནང་འཁོད་ཀྱི་ལྟ་བཤལ་པ་ཚུ་ཡང་ ལེ་ཤ་ཅིག་ར་ འོང་དོ་ཡོདཔ་ལས་ རྒྱལ་པོའི་ཞིང་གི་ཁྲོམ་དེ་ བཙོག་རླུང་མེད་པར་ ལྟ་བཤལ་པའི་ས་ཁོངས་ཅིག་ལུ་ འགྱུར་ནིའི་གོ་སྐབས་ཡོདཔ་ལས་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ གྲུ་ཆུང་ཚུ་ བཙུགས་ཚུགས་པ་ཅིན་ ཧེང་བཀལ་ར་ གནས་སྟངས་ལེགས་ཤོམ་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ལུང་ཤོང་དེ་ ཀུ་རི་ཟམ་པ་ལས་བཅད་དེ་ ལུང་གཤོང་དགའ་ཏོག་ཏོ་ཅིག་སྦེ་ ཡོདཔ་མ་ཚད་ ས་གནས་སྦོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་ཅིག་ བཙུགས་ནི་ཨིནམ་ལས་ ཧེང་སྐལ་ར་ གནས་སྟངས་མ་འདྲཝ་ཅིག་ལུ་ འགྱུར་ཚུགས་ནི་ཨིནམ་ལས་ རྒྱལ་པོའི་ཞིང་དེ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ལྟེ་བ་ཅིག་ལུ་འགྱུར་འོང་ཟེར་ ས་གནས་ནང་སྡོད་མི་ ཨྱོན་གྱིས་ སླབ་ཨིན་པས།
རྒྱལ་པོའི་ཞིང་གི་ ཚོང་པ་ཚུ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ཁྲོམ་དེ་ ད་ཚུན་ རྒེད་འོག་༥ དེ་ཅིག་གི་ ཚོང་འབྲེལ་ལྟེ་བ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སྐྱེངས་མཁར་དང་ འགྱུར་མེད་ དེ་ལས་ དགོངས་འདུ་དང་ ས་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ མ་འོངས་པ་ལུ་ ས་གནས་དེ་ ཨ་རྟག་དང་མ་འདྲཝ་ཅིག་ལུ་ འགྱུར་ནི་ཨིནམ་ལས་ ཚ་དྲོད་ཆེ་རུང་ ས་གནས་ནང་སྡོད་ནི་ལུ་ མ་དགའཝ་མེད་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་ ཚོང་རྐྱབ་སྟེ་ ལོ་ངོ་༡༠ དེ་ཅིག་ལང་མི་ ཚོང་པ་དག་པ་ཅིག་གིས་ གཞུང་ལུ་ ཁྲོམ་ས་གནང་ཐབས་ཀྱི་ ཞུ་བ་ཕུལ་ཡོད་རུང་ ད་རེས་ནངས་པ་ རྒྱལ་པོའི་ཞིང་གི་ས་ཆའི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ས་ཆ་བགོ་བཀྲམ་ཚོགས་ཆུང་ཚུ་གི་བར་ན་ རྩོད་གཞི་ཐུག་ཡོད་མི་དེ་ མཇུག་བསྡུ་ཞིནམ་ལས་ གཞུང་གིས་ འོས་འབབ་བསྟུན་ཏེ་ ཚོང་པ་ཚུ་ལུ་ ཁྲོམ་ས་རེ་ གནང་ཐབས་ཡོད་པའི་ རེ་བ་བསྐྱེད་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment