གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༦/༣/༢༠༡༣   ཐབས་ལམ་ལེགས་ཤོམ་ཅིག་ཨིནམ།
༉ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ད་ལས་ཕར་ རྒྱང་མཐོང་ཐོག་ལས་ དངོས་མཐོང་ལས་རིམ་འགོ་འདྲེན་འཐབ་འདོད་ཡོད་མི་ཚུ་གིས་ རྒྱལ་ཁ་ཐོབ་མི་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ དངུལ་ཁང་ལས་ གསོལ་རས་དང་འདྲ་མཉམ་གྱི་ ཉེན་ལེན་ཡི་གུ་ བཏོན་དགོཔ་བཟོ་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།


དངོས་མཐོང་ལས་རིམ་འགོ་འདྲེན་འཐབ་མི་གིས་ དངུལ་ཁང་གི་ ཉེན་ལེན་ཡི་གུ་དེ་ དངོས་མཐོང་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་པའི་ གྲོས་འཆར་དང་གཅིག་ཁར་ དབང་འཛིན་ལུ་ བཙུགས་དགོ་མི་དེ་ཡང་ ལས་རིམ་ནང་ བཅའ་མར་གཏོགས་ཏེ་ དྲག་ཤོས་ཐོན་མི་ཚུ་ལུ་ ཧེ་མར་ གསལ་བསྒྲགས་འབད་མི་དང་འཁྲིལ་ གསོལ་རས་ཚུ་ ཐོབ་ཚུགསཔ་ངེས་བརྟན་བཟོ་ཐབས་ལུ་ཨིན་མས།
ད་ཚུན་གྱི་བར་ན་ དངོས་མཐོང་ལས་རིམ་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་ལུ་ འགོ་འདྲེན་པ་ཚུ་གིས་ གསོལ་རས་ཚུ་ དུས་ཚོད་ཁར་ མ་སྤྲོད་པར་ བཞག་ཡོདཔ་མ་ཚད་ ལ་ལུ་ཅིག་ལུ་ ལོ་ལྷག་སོ་རུང་ གསོལ་རས་བྱིན་མ་བཏུབ་མི་ལུ་བརྟེན་ རྩོད་བཤེར་འབད་དགོཔ་བྱུང་ཡོདཔ་ད་ དེ་བཟུམ་ལས་གྱི་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་མ་བྱིན་དེ་ མགུ་སྐོར་གྱི་ ལག་ལེན་ཅིག་ཨིན་མས།
དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་མ་ཐོབ་མི་ དག་པ་ཅིག་ཡོད་མིའི་གྲས་ལས་ ན་ཧིང་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་ནང་ དྲག་ཤོས་ཐོན་མི་༩ ལུ་ གསོལ་རས་བྱིན་མ་བཏུབ་པའི་ རྩོད་བཤེར་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ ལྷོད་ཡོདཔ་ད་ དེ་གི་ཤུལ་ལས་ གནང་བ་མེད་པར་ གསོལ་རས་ཚུ་ བསྒྱུར་བཅོས་འབད་བཏང་མི་ ཌཱནསི་ཁོ་རེ་ཌཱནསི་གི་ འགོ་འདྲེན་པའི་ ཆོག་ཐམ་དེ་ བརྡ་བརྒྱུད་དབང་འཛིན་གྱིས་ ལོ་ངོ་༢ ཀྱི་དོན་ལུ་ མཚམས་འཇོག་སྦེ་བཞག་ནུག།
ད་རུང་ སྤྱི་ལོ་༢༠༡༡ ལུ་ འབྲུག་གི་གསུང་སྐད་འགྲན་བསྡུར་ནང་ལས་ ཨང་དང་པ་དང་གཉིས་པ་ཐོན་མི་གཉིས་ཀྱིས་ཡང་ གསོལ་རས་མ་ཐོབ་པར་ཡོད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ ན་ཆུང་སྐད་གྲགས་ཅན་ནང་ བཅའ་མར་གཏོགས་མི་ཚུ་ལུ་ཡང་ གསོལ་རས་མ་སྤྲོད་པར་ཡོད་པའི་ལོ་རྒྱུས་འདུག།
གནས་སྟངས་དེ་ཚུ་ལུ་ལྟཝ་ད་ དངོས་མཐོང་ལས་རིམ་འགོ་འདྲེན་འཐབ་མི་ལུ་ དཀའ་ངལ་སྦོམ་ཡོད་པའི་ གསལ་སྟོན་འབད་མི་དེ་ཡང་ ང་བཅས་རའི་ ན་གཞོན་དང་ ན་ཆུང་ཕོ་མོ་ཚུ་ འབྲུག་གི་ལམ་སྲོལ་བཟང་པོ་ཅིག་ཨིན་མི་ གཞུང་སྒྲ་དང་ འབོད་སྒྲ་ རིག་གསར་གྱི་ཞབས་ཁྲ་ འཐེན་ནི་ལུ་ སྤྲོ་བ་བསྐྱེད་དེ་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་པའི་མཐའ་མར་ གསོལ་རས་ག་ནི་ཡང་ བྱིན་ནི་མེདཔ་ད་ སེམས་དཔའ་ཞུམ་མ་ཚད་ མ་འོངས་པ་ལུ་ འདི་བཟུམ་མའི་ ལས་རིམ་ཚུ་ནང་ འབྲེལ་གཏོགས་འབད་ནི་ལུ་ཡང་ སྤྲོ་བ་ཞན་བཅུགཔ་ཨིན་མས།
མ་གཞི་ འབྲུག་གི་གསུང་སྐད་འགྲན་བསྡུར་དང་ ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་ སྐྱེས་སྟོབས་རིག་འཚོལ་ལ་སོགས་པའི་ འགྲན་བསྡུར་ཚུ་གིས་ གཞུང་སྒྲ་དང་ འབོད་སྒྲ་ རིག་གསར་གྱི་གླུ་གཞས་དང་ ཞབས་ཁྲ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནི་ལུ་ ཕན་ཁྱད་བྱུངམ་ཨིན་རུང་ འགོ་འདྲེན་པ་ལ་ལུ་ཅིག་གི་ བྱ་སྤྱོད་ལུ་བརྟེན་ བཅའ་མར་གཏོགས་མི་ཚུ་ ཉེན་སྐྱོབ་ཀྱི་དོན་ལས་ ལམ་ལུགས་སྒྲིང་སྒྲིང་ ལག་ལེན་མ་འཐབ་པར་ ཐབས་ལམ་གཞན་ག་ནི་ཡང་ མི་མཐོང་པས།
འདི་འབདཝ་ལས་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ཐབས་ལམ་བཏོན་མི་དེ་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ ཞུ་ནི་ཨིན།

No comments:

Post a Comment