གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱིའི་མ་རྩ་དངུལ་ཀྲམ་དུང་ཕྱུར་༡.༥༥ གཞི་བཙུགས་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ།

༡༦/༣/༢༠༡༣   ༉ འཛམ་གླིང་དངུལ་ཁང་སྡེ་ཚན་ཚུ་གི་ འཐུས་མི་ཅིག་ཨིན་མི་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱིས་ ཁ་ཙ་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༢༩ བགོ་བཤའི་གནས་གོང་དང་པ་སྦེ་ གཞི་བཙུགས་འབད་མི་དེ་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ མཐོ་ཤོས་ཅིག་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་འཛིན་སྐྱོང་མདོ་ཆེན་ སྐྱིབ་ཅུ་ཚེ་རིང་དང་ རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱི་ ལག་ལེན་འགོ་དཔོན་གཙོ་འཛིན་ རག་ཤཱཌི་ ཀཱལ་དཱ་ནི་གིས་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།


དངུལ་ཀྲམ་ནང་འབད་བ་ཅིན་ དུང་ཕྱུར་༡.༥༥ ཨིནམ་ད་ དེ་ཡང་ རྒྱ་གར་རྒྱལ་ཁབ་མ་བརྩི་བར་ ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
ཕྱིའི་མ་རྩ་གཞི་བཙུགས་འབད་མི་ལུ་བརྟེན་ དངུལ་ཁང་རྒྱ་བསྐྱེད་འབད་ནི་དང་ ཁྱད་རིག་ཅན་གྱི་ ཐོན་སྐྱེད་དང་ ཞབས་ཏོག་ཚུ་ གོང་འཕེལ་གཏང་ཚུགས་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
རྒྱལ་སྤྱིའི་དངུལ་འབྲེལ་ལས་སྡེ་ལས་ གནས་ཚུལ་གསར་བཏོན་ཅིག་ ལྷོད་མི་དང་འཁྲིལཝ་ད་ འབྲུག་པའི་ཚོང་འབྲེལ་ལམ་ལུགས་ནང་ མ་རྩ་གཞི་བཙུགས་འབད་མི་དེ་གིས་ ལཱ་གཡོག་གི་གོ་སྐབས་ཚུ་ ཡར་སེང་འབད་ཚུགས་ནི་ཨིནམ་ལས་ ཁག་ཆེ་དྲགས་ཅིག་ ཨིན་ཟེར་ཨིནམ་ད་ དངུལ་ཁང་ནང་ འཛིན་སྐྱོང་ཉེན་སྲུང་ཐབས་ལམ་ཚུ་ གོང་འཕེལ་གཏང་ཐབས་ལུ་ གྲོས་སྟོན་གྱི་ རྒྱབ་སྐྱོར་ཚུ་ཡང་ བྱིན་ནི་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ སྐྱིབ་ཅུ་ཚེ་རིང་གིས་འབད་བ་ཅིན་ ཕྱིའི་མ་རྩ་གཞི་བཙུགས་ལུ་བརྟེན་ དངུལ་ཁང་ནང་ ཏི་རུ་མ་ལང་པའི་ དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ ད་ལས་ཕར་ དངུལ་ཁང་དེ་ གོང་འཕེལ་གཏང་ཐོག་ལས་ དོ་འགྲན་ཅན་ བཟོ་ཚུགས་པའི་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ལས་འཛིན་གྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ འཛམ་གླིང་ཚོང་འབྲེལ་མཐུན་རྐྱེན་ འགོ་དང་པ་ སྤྱི་ལོ་༢༠༠༧ ལུ་ རྒྱ་བསྐྱེད་འབད་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ ལས་འཛིན་གྱི་ གྲོས་སྟོན་སྡེ་ཚན་གྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ གནས་སྟངས་རྩ་བརྟན་བཟོ་ནི་དང་ མི་སྡེ་ལྟ་རྟོག་ལམ་ལུགས་ཚུ་ ལེགས་ཤོམ་བཟོ་ནི་ལུ་ རྒྱབ་སྐྱོར་འབད་བའི་བསྒང་ ཡོདཔ་ཨིན་པས།
ད་རེས་ཁམས་ གསར་བསྐོ་འབད་མི་ རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱི་ ལག་ལེན་འགོ་དཔོན་གཙོ་འཛིན་ རག་ཤཱཌི་ ཀཱལ་དཱ་ནི་གིས་ སླབ་མིའི་ནང་ འབྲུག་གིས་ སྤྱི་ལོ་༢༠༠༣ ལས་འགོ་བཙུགས་ ལས་འཛིན་གྱི་འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དང་འཁྲིལ་ ད་ལྟོའི་བར་ན་ཡང་ གནམ་གཤིས་ལེགས་བཅོས་འབད་ནི་དང་ གཞུང་དང་སྒེར་སྡེའི་ མཉམ་འབྲེལ་ལས་འགུལ་ཚུ་ གོང་འཕེལ་གཏང་ནི་ ཚོང་འབྲེལ་རྒྱབ་སྐྱོར་འབད་ནི་ དངུལ་འབྲེལ་ལས་སྡེ་རྩ་བརྟན་བཟོ་ནི་ དེ་ལས་ གློག་མེ་ལས་སྡེ་ཚུ་གི་དོན་ལུ་ མ་གདངུལ་གཞི་བཙུགས་ཐོག་ རྒྱབ་སྐྱོར་འབད་བཞིན་དུ་ ཡོད་ཟེར་ཨིན་པས།
རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱིས་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༣༠༦ རེ་སྦེ་ ཉོ་ཡོད་མི་དེ་ ད་ལྟོའི་གནས་སྟངས་ནང་ བགོ་བཤའ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༧༤ འབད་མི་དང་ཕྱདཔ་ད་ ཚར་༡.༧༥ གིས་ མཐོཝ་ཨིན་པས།
རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གཉིས་ཀྱི་བར་ནའི་ མཉམ་འབྲེལ་དུས་སྟོན་དེ་ཡང་ ཁ་ཙ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ ལས་འཛིན་གྱིས་ དངུལ་ཁང་ནང་ མ་རྩ་གཞི་བཙུགས་འབད་མི་དེ་ དངུལ་ཁང་གི་ ཡོངས་བསྡོམས་མ་དངུལ་ལས་ བརྒྱ་ཆ་༢༠ ཨིན་པས།
རག་ཤཱཌི་ལུ་ མ་རྩ་གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཁང་ཚུ་གི་གྲས་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་དེ་ར་ ག་ཅི་སྦེ་ གདམ་ཁ་རྐྱབ་དགོཔ་ཨིན་ན་ཟེར་ དྲི་བའི་ལན་ལུ་ དངུལ་ཁང་དེ་ མ་འོངས་གོང་འཕེལ་གྱི་ གནས་སྟངས་ཚུ་ཡང་ ལེགས་ཤོམ་ཡོད་པའི་གུ་ འཛིན་སྐྱོང་གི་ཐད་ལས་འབད་རུང་ བློ་གཏད་ཅན་ཅིག་སྦེ་ ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱིས་ ཕྱིའི་མ་རྩ་གཞི་བཙུགས་འབད་ནིའི་དོན་ལུ་ འདས་པའི་ལོ་ཚུ་ནང་ དངུལ་ཁང་གི་ མ་དངུལ་ལས་ བགོ་བཤའ་བརྒྱ་ཆ་༡༠ མ་གཏོགས་ མི་ཉོ་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ཁྲིམས་ལུགས་དང་ མ་མཐུན་ནི་དེ་གིས་ བརྒྱ་ཆ་༢༠ ཉོ་དགོཔ་ ཐོན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment