གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གི་མིང་བཙོང་ཐོག་ལས་ སྒེར་གྱི་ས་ཆ་ ཉོ་བཙོང་འཐབ་པའི་ཁ་ཉེས།

༡༥/༣/༢༠༡༣   ༉ སྤྱི་ལོ་༢༠༠༡ ལུ་ མོང་སྒར་རྫོང་ཁག་བདག་སྐྱོང་གིས་ གླིང་མེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ བོང་སྡེ་མ་ཟེར་སར་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་ཀྱི་དོན་ལུ་ ས་གླིང་རྒེད་འོག་གི་ ཁྱིམ་གུང་༨ ལས་ ས་ཆ་ཨེ་ཀར་༡༦ མཁོ་སྒྲུབ་འབད་ཡོད་རུང་ ཁྱིམ་གུང་༤ གིས་ ད་ལྟོའི་བར་ན་ཡང་ ས་ཚབ་མ་ཐོབ་པར་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་གནང་ཟེར་ ཉོགས་བཤད་ཡི་གུ་ བཙུགས་ཡོདཔ་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་གི་དོན་ལུ་ ངོས་འཛིན་འབད་ཡོད་རུང་ ལག་ལེན་མེད་པར་ལུས་མི་ བོང་སྡེ་མའི་ བཟོ་གྲྭ་འཕྲུལ་ཁང་གི་ས་ཁོངས།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཁྱིམ་གུང་༤ མི་སེར་ཚུ་གིས་ ལག་རྗེས་རྐྱབ་སྟེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བཙུགས་མི་ ཉོགས་བཤད་ཡི་གུའི་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ མོང་སྒར་གྱི་ རྫོང་བདག་སྦེ་ བཞུགས་པའི་སྐབས་ གླིང་མེད་ཐང་ བོང་སྡེ་མ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་ཚུ་ལུ་ སྐྱིད་སྡུག་སྦེ་གནང་མི་ ས་ཆ་ཚུ་ གཞུང་གིས་ བཟོ་གྲྭ་འཕྲུལ་ཁང་ བཙུགས་ནི་ཨིན་ཟེར་སླབ་སྟེ་ མཁོ་སྒྲུབ་འབད་བའི་ཤུལ་ལུ་ ཡབ་ཨྱོན་རྡོ་རྗེ་ལུ་ བཙོང་ནུག་ཟེར་ཨིན་པས།
ཁོང་གིས་ ཉོགས་བཤད་བཀོད་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ མི་སེར་གུང་པ་༨ ཀྱི་ ས་ཆ་ཚུ་ གཞུང་བཞེས་གཏང་ནི་ཨིནམ་ལས་ ཁྱིམ་ཚུ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ས་ཚབ་དང་ རྒུད་འཐུས་ཚུ་ཡང་ སྤྲོད་འོང་ཟེར་ སླབ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཉམས་རྒུདཔ་ཚུ་གིས་ སླབ་མིའི་ནང་ སའི་ཇོ་བདག་༨ ལས་༤ ལུ་ རྒུད་འཐུས་དང་ ས་ཚབ་ཚུ་ཡང་ སྤྲོད་ཡོདཔ་ཨིན་རུང་ ཁོང་༤ ལུ་ སྡོད་ཁྱིམ་ཚུ་ སྤོ་བཤུད་འབད་ནིའི་དོན་ལུ་ རྒུད་འཐུས་དངུལ་ཀྲམ་༤༠,༠༠༠ རེ་མ་གཏོགས་ ས་ཚབ་ཚུ་ ཐོབ་མ་ཚུགས་ཟེར་ཨིནམ་ད་ གཞུང་གིས་ ཁོང་༤ ལས་ ས་ཆ་ཨེ་ཀར་༢ རེ་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།
བོང་སྡེ་མའི་ ས་ཆ་ཚུ་ མི་སེར་ཚུ་ལུ་ བཟའ་སྤྱོད་འབད་ནི་ ལངམ་མེད་མི་ལུ་བརྟེན་ སྤྱི་ལོ་༡༩༨༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་སྦེ་ གནང་ཡོདཔ་ཨིན་པས།
ཉམས་རྒུདཔ་ཚུ་གིས་ བཤད་མིའི་ནང་ ཁྱིམ་གུང་༤ ལུ་ ས་ཚབ་མ་ཐོབ་མི་དེ་ཡང་ གཙོ་བོ་ར་ ཁོང་གི་ས་ཆ་དེ་ གཞུང་གི་དོན་ལུ་ཨིན་ཟེར་སླབ་སྟེ་ ལེན་ཡོདཔ་ཨིན་རུང་ ཤུལ་ལས་ རྫོང་ཁག་ཁྲིམས་འདུན་ལས་ ས་ཁྲམ་སྤོ་སོར་གྱི་ འཁྲུན་ཆོད་གནང་པའི་བསྒང་ལས་ ས་ཆ་དེ་ གཞུང་ལུ་མེན་པར་ ཡབ་ཨོ་རྒྱན་རྡོ་རྗེ་ལུ་ བཙོངམ་ཨིནམ་སྦེ་ བཀོད་ཡོདཔ་མ་ཚད་ རྒུད་འཐུས་དངུལ་ཀྲམ་༤༠,༠༠༠ རེ་ སྤྲོད་མི་དེ་ཡང་ ས་རིན་ཨིནམ་སྦེ་ བཀོད་ནི་དེ་གིས་ཨིན་ཟེར་ ཁ་ཉེས་བཀལཝ་ཨིན་པས།
ཉམས་རྒུདཔ་ཅིག་གིས་འབད་བ་ཅིན་ རྫོང་ཁག་ཁྲིམས་འདུན་ལས་ གྲོས་ཆོད་གནང་པའི་སྐབས་ལུ་ཡང་ ཁོང་གི་ས་དེ་ གཞུང་གིས་བཞེས་ཡོདཔ་སྦེ་ར་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
ཉམས་རྒུདཔ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཅར་ནི་སྦེ་ ཐིམ་ཕུ་ལུ་ ལན་ཐེངས་༢ འོང་ཡོད་རུང་ རྒྱལ་པོའི་གཟིམ་དཔོན་གྱིས་ ས་ཆ་དེ་ གཞུང་གིས་བཞེས་བཞེསཔ་མེན་པར་ བཙོང་བཙོངམ་འབད་ནི་དེ་གིས་ ས་ཚབ་མི་ཐོབ་ཟེར་སླབ་ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཉོགས་བཤད་ཡི་གུ་མ་བཙུགས་པར་ ཐབས་མེད་བྱུང་ཡི་ཟེར་ ཉོགས་བཤད་བཀོད་མི་ཅིག་གིས་ སླབ་ཨིན་པས།
ཉམས་རྒུདཔ་ཚུ་གིས་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་ནི་ཨིན་ཟེར་ ཁོང་ལས་ མཁོ་སྒྲུབ་འབད་མི་ ས་ཆ་ཚུ་ ད་རེས་ཀྱི་བར་ན་ཡང་ ས་སྟོང་སྦེ་ར་ཡོདཔ་ལས་ རང་སོའི་ས་ཆ་ཚུ་ ལོག་འཐོབ་ནི་ཡོདཔ་ཅིག་ མཛད་དགོ་ཟེར་ སླབ་ཨིན་པས།
ཀུན་གསལ་གྱིས་ མི་སེར་ཚུ་ལས་ ཡིག་ཆ་དག་པ་ཅིག་ ཐོབ་ཡོད་མི་ཚུ་དང་འཁྲིལཝ་ད་ བོང་སྡེ་མའི་ས་ཆ་ཚུ་ གཞུང་གི་བཀའ་བཞིན་ ཚོང་དང་བཟོ་གྲྭ་འཕྲུལ་ཁང་བཙུགས་ནི་སྦེ་ གཞུང་བཞེས་འབད་ཡོདཔ་སྦེ་ རྫོང་བདག་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ས་འཇལ་འགོ་དཔོན་ལུ་ གནང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༢ ཟླཝ་༡ པའི་ཚེས་༣ ལུ་ དྲང་དཔོན་བསོད་ནམས་རིན་ཆེན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉམས་རྒུདཔ་ཚུ་གི་གྲས་ལས་ སྲི་ཐར་ལ་དང་ ཡབ་ཨོ་རྒྱན་རྡོ་རྗེ་༢ ཀྱི་བར་ན་ ས་ཆ་ཉོ་བཙོང་འཐབ་ཡོདཔ་སྦེ་བཀོད་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ ས་ཆ་བཙོང་མི་ སྲི་ཐར་ལ་གི་ ཁྲམ་ཨང་༣༧༥ ཅན་མའི་ནང་ བོང་སྡེ་མ་ལུ་ཡོད་པའི་ སྐམ་ཞིང་ཨེ་ཀར་༢ འབད་མི་དེ་ ས་ཆ་ཉོ་མི་ ཡབ་ཨྱོན་རྡོ་རྗེའི་ མཚན་ཐོག་ལུ་ ཁྲམ་བཀོད་ཆོགཔ་སྦེ་ བཀོད་ཡོདཔ་བཞིན་དུ་ ཡབ་ཨྱོན་རྡོ་རྗེ་ལས་ དངུལ་ཀྲམ་༤༠,༠༠༠ ལེན་ཏེ་ སྲི་ཐར་ལ་ལུ་ ས་རིན་སྦེ་ སྤྲོད་ཡོད་པའི་ འཁྲུན་ཆོད་བཏོན་ནུག།
མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ས་ཆ་ཚུ་ གཞུང་གི་དོན་ལུ་ཨིན་ཟེར་ སླབ་མི་ལུ་བརྟེན་ སྤྲོད་ཡོདཔ་མ་གཏོགས་ གལ་སྲིད་ བཙོང་ནི་ཨིནམ་ཤེས་ཡོད་པ་ཅིན་ ཁ་མ་བཟེདཝ་འོང་ཟེར་ཨིན་པས།
དེ་བཟུམ་མའི་ ཁ་ཉེས་བཀལ་ཡོད་མིའི་སྐོར་ལས་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ དྲི་བ་ཞུཝ་ད་ ཁོ་གིས་ དཔྱད་རིག་བཏང་མི་ཚུགས་དོ་ཡོདཔ་ལས་ ད་རེས་ཀྱི་ མོང་སྒར་རྫོང་བདག་ལུ་ དྲི་དགོཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment