གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་གསར་བཞེངས་ཀྱི་གནང་བ་ གནས་སྐབས་མཚམས་འཇོག།

༢/༨/༢༠༡༢   ༉ སྤྱི་ལོ་༢༠༠༩ དང་༢༠༡༡ ལུ་ རྒྱལ་ཁབ་ནང་ ས་ཡོམ་རྐྱབ་མི་ལུ་བརྟེན་ ལྷ་ཁང་དང་ དགོན་སྡེ་ ལེ་ཤ་ཅིག་ལུ་ ཉམས་ཆག་ཤོར་ཏེ་ ད་ལྟོའི་བར་ན་ཡང་ ཉམས་བཅོས་འབད་མ་ཚུགས་པར་ ལུས་མི་ལུ་བརྟེན་ ད་ལས་ཕར་ ནང་སྲིད་ལྷན་ཁག་གིས་ ལྷ་ཁང་དང་ དགོན་སྡེ་ གསར་བཞེངས་འབད་ནིའི་ གནང་བ་སྤྲོད་ནི་དེ་ མཚམས་འཇོག་འབད་ཡོདཔ་ཨིན་པས།


ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ བཀག་ཆ་འབད་དགོ་པའི་ གནད་དོན་གཙོ་བོ་ར་ རྐྱེན་ངན་ཚུ་གི་སྐབས་ལུ་ གཞུང་གི་བདག་དབང་ལུ་ཡོད་མི་ ལྷ་ཁང་ཚུ་གིས་མ་རྩིས་བར་ སྒེར་སྡེའི་ལྷ་ཁང་ཚུ་ཡང་ གཞུང་གིས་ འཛིན་སྐྱོང་འཐབ་དགོ་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གལ་སྲིད་ གཡུས་སྒོ་དང་ མི་སྡེའི་ནང་ ལྷ་ཁང་ཕུད་རྡོག་༡ ཡང་མེད་པ་ཅིན་ དེ་ཚུ་ལུ་ གནང་བ་བྱིན་ནི་ཨིན་རུང་ ཧེ་མ་ལས་ ལྷ་ཁང་ཡོད་པའི་ས་ཁོངས་ནང་ གསར་བཞེངས་འབད་ནིའི་ སྤྲོ་བ་བསྐྱེད་མི་ཚུ་གིས་ ལྷ་ཁང་དང་ དགོན་སྡེ་རྙིངམ་ཚུ་ ཉམས་གསོ་ཞུ་ནི་ལུ་ གདམ་ཁ་བྱིན་ནི་ཨིན་ཟེར་ཨིན་པས།
དེ་སྦེ་ འབད་དགོ་མི་དེ་ཡང་ ཉམས་ཆག་ཤོར་མི་ ལྷ་ཁང་དང་ དགོན་སྡེ་རྙིངམ་ཚུ་ ཉམས་སྲུང་འབད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ ནང་སྲིད་བློན་པོ་གིས་གསུངས་ཡི།
སྲོལ་འཛིན་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ གནས་སྟངས་དང་འཁྲིལ་ ལྷ་ཁང་གསརཔ་ཚུ་ བཞེངས་དགོཔ་ཐོན་རུང་ གཞུང་དང་ ལྷ་ཁང་བཞེངས་མི་༢ ཀྱི་བར་ན་ གྲོས་འཆམ་འབྱུང་དགོ་པའི་ གནད་དོན་དག་པ་ཅིག་ ཡོད་ཟེར་ཨིན་པས།
གནད་དོན་ཚུ་ཡང་ ལྷ་ཁང་བཞེངས་ཏེ་ མ་འོངས་ལོ་༢༠ གི་རིང་ འཛིན་སྐྱོང་དང་ ཉམས་བཅོས་ཀྱི་དོན་ལུ་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་དང་ ཤིང་ཆས་ཀྱི་རྒྱབ་སྐྱོར་ཚུ་ མི་ལེན་ནི་ཨིནམ་མ་ཚད་ ལྷ་ཁང་དགོན་སྡེའི་ འཛིན་སྐྱོང་གི་དོན་ལུ་ བློ་གཏད་མ་དངུལ་ཚུ་ཡང་ གཞི་བཙུགས་འབད་དགོཔ་ཨིན་པས།
བློན་པོ་མི་འགྱུར་རྡོ་རྗེ་གིས་ བཤད་མིའི་ནང་ གཡུས་སྒོ་ཅིག་ནང་ ལྷ་ཁང་༢ དང་༣ རེ་ལུ་ གནོད་སྐྱོན་བྱུང་མི་ཚུ་ མི་སྡེ་ཚུ་དང་ གྲོས་བསྟུན་ཐོག་ གཅིག་ཁར་བསྡོམས་ཏེ་ ལྷ་ཁང་༡ སྦེ་ གསར་བཞེངས་འབད་ནིའི་ ལམ་ལུགས་ཚུ་ཡང་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ བཀྲིས་སྒང་ ཡངས་གཉེར་ལུ་ གཞུང་གི་ལྷ་ཁང་༡ དང་ སྒེར་སྡེའི་ལྷ་ཁང་༡ འབདཝ་ད་ ལྷ་ཁང་༢ ལུ་ གནོད་སྐྱོན་བྱུང་མི་དེ་ ད་རེས་ ལྷ་ཁང་༡ སྦེ་ བསྐྱར་བཞེངས་འབད་དེ་ ཡོད་ཟེར་ཨིན་པས།
དེ་གིས་ གཞུང་དང་ མི་སེར་༢ ཆ་རའི་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་པའི་ཁར་ ལྷ་ཁང་གཞན་ཚུ་ཡང་ ལེ་ཤ་ཅིག་ར་ སྒེར་གྱི་མཐུན་ལམ་ཐོག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཏེ་ ཉམས་གསོ་ཞུཝ་ཨིན་ཟེར་ བློན་པོ་གིས་ གསུངསམ་ཨིན་པས།
དེ་དང་འཁྲིལ་ བཀྲིས་སྒང་ དགྲ་མེད་རྩེ་ལྷ་ཁང་དང་ བཀྲིས་སྒང་རྫོང་ དེ་ལས་ ཀུ་པི་ཇིག་སའི་ལྷ་ཁང་ཚུ་ཡང་ སྒེར་གྱི་མཐུན་ལམ་ཐོག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཏེ་ ཉམས་གསོ་ཞུ་ཡི་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༩ གི་ རྐྱེན་ངན་གྱི་དོན་ལུ་ རྒྱལ་སྤྱིའི་མ་དངུལ་གྲོགས་རམ་ཚུ་ ཐོབ་ཡོདཔ་ཨིན་རུང་ ན་ཧིང་ རྐྱེན་ངན་བྱུང་པའི་སྐབས་ རྒྱབ་སྐྱོར་ཚུ་ རྩ་ལས་ར་ ཐོབ་མ་ཚུགསཔ་མ་ཚད་ ལྷ་ཁང་སྦོམ་འབད་མི་དག་པ་ཅིག་གི་ནང་རྟེན་ཚུ་ ད་རེས་ཀྱི་བར་ན་ཡང་ གནས་སྐབས་ཀྱི་ བཟོ་བཀོད་ཚུ་ནང་ བཞག་སྟེ་ཡོདཔ་ལས་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།
དེ་ཚུ་གི་གྲས་ལས་ གཅིག་ སྤ་རོ་གདོང་དཀར་ལ་ལྷ་ཁང་ཨིནམ་ད་ ཧཱ་རྫོང་ཁག་བཟུམ་ཅིག་ནང་འབད་རུང་ བཟོ་བཀོད་སྦོམ་པའི་ཁར་ རྙིང་ཤོས་འབད་མི་ ལྷ་ཁང་ལེ་ཤ་ཅིག་ལུ་ གནོད་སྐྱོན་ཚུ་སྦོམ་སྦེ་ བྱུང་སྟེ་ཡོད་ཟེར་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་སླབ་ཅི།
ནང་སྲིད་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ཟླ་༩ པའི་ཚེས་༢༡ གི་ ཉིན་མའི་ཆུ་ཚོད་༢ དང་སྐར་མ་༥༣ དེ་ཅིག་ཁར་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ལུང་ཕྱོགས་ནང་བྱུང་མི་ ས་ཡོམ་དེ་གིས་ ལྷ་ཁང་དགོན་སྡེ་༢༨༡ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ ཉམས་བཅོས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༦༣ གཏང་དགོ་པའི་ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༡ ཟླ་༩ པའི་ཚེས་༡༩ གི་ ནུབ་མོའི་ཆུ་ཚོད་༡༢ དང་སྐར་མ་༤༣ དེ་ཅིག་ལུ་རྐྱབ་མི་ ས་ཡོམ་དེ་གིས་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་རྫོང་ཁག་ཚུ་ནང་ ལྷ་ཁང་༣༣༩ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ དེ་ཚུ་ ཉམས་གསོ་དང་ གསར་བཞེངས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༢༩ དེ་ཅིག་ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ དེ་བཟུམ་མའི་ རྐྱེན་ངན་ཚུ་བྱུང་མི་དང་བསྟུན་ ད་ལས་ཕར་ ལྷ་ཁང་དགོན་སྡེ་ གསར་བཞེངས་དང་ བསྐྱར་བཞེངས་འབད་ནིའི་ བཟོ་བཀོད་ཚུ་ ཐོག་ཚད་༡ སྦེ་བཞག་ནི་ལུ་ གྲོས་ཐག་བཅད་དེ་ཡོད་ཟེར་ བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment