གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་སྤྱི་ཚོགས་དང་པ་ སང་ཕོད་སྤྱི་ཟླ་༤ པའི་ནང་ དགོངས་ཞུ་འབད་ནིའི་འོས་འབབ།

༣/༩/༢༠༡༢   ༉ སྤྱི་ལོ་༢༠༡༣ གྱི་ ཟླཝ་༤ པའི་ནང་ གཞུང་སྐྱོང་ཚོགས་པ་གིས་ དགོངས་ཞུ་འབད་ནིའི་ འོས་འབབ་ཡོད་མི་དེ་ཡང་ འབྲུག་གི་ སྤྱི་ཚོགས་དང་པའི་ གནས་ཡུན་དེ་ དུས་ཚོད་དེ་ནང་ མཇུག་བསྡུ་དགོ་ནི་དེ་གིས་ཨིན་པས།


འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གྲོས་བསྟུན་འགོ་འདྲེན་འཐབ་པའི་ཤུལ་ལུ་ གཞུང་གིས་ སྤྱི་ཚོགས་ཀྱི་ གནས་ཡུན་མཇུག་བསྡུའི་ ཚེས་གྲངས་ཀྱི་ གྲོས་འདེབས་བཀོད་མི་དེ་ འོས་འབབ་འདུག་ཟེར་ ངོས་ལེན་འབད་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཡོངས་ཚོགས་འདུ་ དེ་ལས་ རྒྱལ་ཡོགས་ཚོགས་སྡེའི་ བཅའ་ཁྲིམས་ཚུ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་གནས་ཡུན་དེ་ ཚོགས་འདུ་དང་ ཚོགས་སྡེ་རང་སོའི་ཚོགས་རིམ་དང་པ་ འཚོགས་པའི་ཉིནམ་ལས་ འགོ་བཙུགས་ཏེ་ ལོ་༥ གི་རིང་ ཕྱག་ཞུ་དགོཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ འཁྲིལ་བ་ཅིན་ ཚོགས་རིམ་དང་པའི་ནང་ ཚོགས་ཁང་གོང་འོག་གི་ རང་སོའི་ཚོགས་དཔོན་དང་ ཚོགས་དཔོན་འོགམ་ དེ་ལས་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ཚུ་ཡང་ འཐུས་མིའི་ནང་འཁོད་ལས་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
དགོངས་དོན་དེ་ཚུ་དང་འཁྲིལ་ གཞུང་གིས་ གྲོས་འདེབས་ཕུལ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚང་ནི་དང་ རྒྱལ་ཡོངས་ཚོགས་སྡེའི་ཐད་ལུ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚངམ་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ཚོགས་དཔོན་འོག་མ་དེ་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བཙག་འཐུ་འབད་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ བཙག་འཐུ་འབད་ཡོདཔ་ཨིན་པས།
འགོ་ཐོག་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་ཀྱི་ གནས་ཡུན་མཇུག་བསྡུའི་ ཚེས་གྲངས་ཀྱི་ གྲོས་འདེབས་ཕུལ་མིའི་ནང་འབད་བ་ཅིན་ གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༦ པའི་ནང་ ཚང་དགོཔ་སྦེ་ བཀོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ལྷན་བཞུགས་ དང་པ་དེ་ སྤྱི་ཟླ་༥ པའི་ནང་ འཚོགས་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ནང་ ཚོགས་ཁང་སོ་སོའི་ ཚོགས་རིམ་འཚོགས་ཡོད་མི་དེ་ ཚོགས་ཁང་སོ་སོའི་ ཚོགས་རིམ་དང་པ་ཨིནམ་སྦེ་ བརྩི་ནི་དེ་གིས་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་ སྤྱི་ཚོགས་ཀྱི་ གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༥ པའི་ནང་ ཚང་ནི་མས་ཟེར་ བསམ་འཆར་བཀོད་ཡོད་མི་དེ་ཡང་ ཁོང་གིས་ སྤྱི་ཚོགས་ལྷན་བཞུགས་དང་པ་དེ་ ཚོགས་རིམ་དང་པ་ཨིནམ་སྦེ་ རྩིས་ཞིནམ་ལས་ སྤྱི་ཚོགས་ཀྱི་གནས་ཡུན་དེ་ ལྷན་བཞུགས་དང་པ་ལས་ འགོ་བཙུགསཔ་ཨིན་པའི་ བསམ་ཚུལ་བཀོད་ནུག།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ གནས་ཡུན་འགོ་བཙུགས་དང་ མཇུག་བསྡུའི་ཚེས་གྲངས་ཀྱི་ གནད་དོན་ནང་ གཙུག་སྡེ་དང་ སྒེར་ངོ་རེ་རེ་གིས་ ལྟ་ཚུལ་སོ་སོར་བྱུང་ཡོདཔ་ད་ དེ་ཡང་ གནས་སྟངས་དེ་ འགོ་དང་པ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ གཙོ་བོ་ར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ ལག་ལེན་འཐབ་དགོཔ་ཨིནམ་ལས་ གནད་དོན་དེ་གི་ཐད་ལུ་ རྩ་ཁྲིམས་ཆེན་མོའི་ནང་ ཁ་གསལ་སྦེ་བཀོད་དེ་ཡོདཔ་ལས་ དེ་དང་བསྟུན་ཏེ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་ཐོག་གཞུང་ལུ་ གྲོས་འདེབས་ཕུལ་མིའི་ ཚེས་གྲངས་དེ་ ལྷན་ཚོགས་ཀྱིས་ གཏན་འཁེལ་བཟོ་སྟེ་ ཕུལ་ཕུལཝ་མེན་པར་ གྲོས་བསྟུན་གྱི་དོན་ལུ་ ལྷན་ཚོགས་ཀྱི་ གྲོས་འཆར་ཕུལ་ཕུལཝ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་འབདཝ་ད་ གཞུང་གིས་བཀོད་མི་ གྲོས་འདེབས་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ དོན་ཚན་གྱི་ གོ་བ་ཐད་ཏོག་ཏོ་ཡོདཔ་ལས་ གཞུང་གིས་བཀོད་མི་ ཚེས་གྲངས་དེ་ཁར་ སྤྱི་ཚོགས་ཀྱི་ ཚོགས་ཁང་གོང་འོག་གི་ གནས་ཡུན་ཚང་དགོཔ་ ངེས་བདེན་འདུག་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པས།
ད་རུང་ ཁོ་གིས་ སླབ་མིའི་ནང་ ཚེས་གྲངས་ངེས་བརྟན་ཐོག་ སྤྱི་ཚོགས་དེ་ ནམ་དགོངས་ཞུ་འབད་དགོཔ་ཨིན་ན་དེ་ ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་བའི་ ཉིནམ་ལུ་མ་གཏོགས་ མི་ཤེས་ནི་ཨིན་རུང་ ཚེས་གྲངས་གསལ་བསྒྲགས་དེ་ཡང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་ཀྱི་ ཚོགས་ཁང་གོང་འོག་༢ ཀྱི་ གནས་ཡུན་མ་ཚང་བའི་ ཉིནམ་༩༠ འི་ཧེ་མར་ གནས་ཡུན་ཚང་བའི་ ཚེས་གྲངས་གསལ་བསྒྲགས་འབད་དགོ་ཟེར་ཨིནམ་ད་ དེ་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཙག་འཐུ་འགོ་འདྲེན་གྱི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ བཀའ་རྒྱ་ཚུ་ཡང་ གནང་དགོཔ་ཨིན་པས།
སྤྱི་ཚོགས་ཀྱི་ གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༤ པའི་ནང་ ཚང་དགོཔ་ཨིན་པ་ཅིན་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་དེ་དང་འཁྲིལ་ ལྷན་ཚོགས་ཀྱིས་ སྤྱི་ཚོགས་ཀྱི་ གནས་ཡུན་ཚང་བའི་ ཚེས་གྲངས་གསལ་བསྒྲགས་དེ་ སང་ཕོད་ སྤྱི་ཟླ་༡ པའི་ནང་ འབད་དགོ་ནི་ཨིན་པས།
དེ་ལས་ བཙག་འཐུའི་བྱ་རིམ་ཚུ་ རིམ་པ་བཞིན་དུ་ འགོ་འདྲེན་འཐབ་ཐོག་ལས་ རྒྱལ་ཡོངས་ཚོགས་འདུ་དེ་ སྤྱི་ཚོགས་དགོངས་ཞུ་འབད་བའི་ཉིནམ་ལས་ ཉིན་གྲངས་༩༠ འི་ནང་འཁོད་ལུ་ སྤྱི་ཚོགས་གསརཔ་ གཞི་བཙུགས་འབད་ཚར་དགོཔ་ད་ རྒྱལ་ཡོངས་ཚོགས་སྡེ་གསརཔ་དེ་ ཧེ་མའི་ཚོགས་སྡེ་གི་ གནས་ཡུན་ཚང་བའི་ ཉིནམ་ལུ་ གཞི་བཙུགས་འབད་དགོཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment