གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་གནམ་གྲུ་༤ པ་ལྷོད་མི་དང་བསྟུན་ འཕུར་འགྲུལ་མངམ་འབད་ཚུགས་ནི།

༣/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༡ ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ འབྲུག་གི་གནམ་གྲུ་༤ པ་ ཆགས་མི་དང་བསྟུན་ སིངྒ་པུར་ལུ་ འཕུར་འགྲུལ་རྒྱུན་ལམ་རྒྱ་བསྐྱེད་དང་ རྒྱལ་ཁབ་གཞན་ཚུ་ནང་ འཕུར་འགྲུལ་ཐེབས་བཙུགས་ནི་ལུ་ ལྷན་ཐབས་བྱུངམ་ཨིན་པས།
སྤ་རོ་ལུ་ འབྲུག་གི་གནམ་གྲུ་༤ པ་ཆགས་པའི་སྐབས་ དགེ་སློང་ཚུ་གིས་ བསུ་ལེན་རྟེན་འབྲེལ་བརྩི་བའི་བསྒང་།


འབྲུག་གནམ་གྲུ་ལས་འཛིན་གྱི་ འཛིན་སྐྱོང་བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་རྒྱ་མཚོ་གིས་ སླབ་མིའི་ནང་ སྡོད་ཁྲི་༡༣༨ འབད་མི་ ཨེ་ཡར་བཱསི་ཨེ་༣༡༩ གནམ་གྲུ་༤ པ་དེ་གིས་ ད་ལྟོ་ སྤ་རོ་གནམ་ཐང་ནང་ འཕུར་འགྲུལ་གྱི་ དུས་ཚོད་ཚད་གཅིག་ལས་བརྒལ་མེད་པའི་ དོ་འགྲན་བྱུང་མི་དེ་ སྟབས་བདེ་ཏོག་ཏོ་བཟོ་འོང་ཟེར་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཉིན་མའི་དུས་ཚོད་ནང་རྐྱངམ་གཅིག་ གནམ་གྲུ་འཕུར་འགྲུལ་འབད་བཅུག་མི་ལུ་བརྟེན་ སྤྱིར་སྙོམས་ལུ་ འབྲུག་གི་གནམ་གྲུ་ཚུ་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༥ དང་ཕྱེད་དེ་ཅིག་མ་གཏོགས་ ལག་ལེན་འཐབ་ནི་མེད་ཟེར་ རྟ་མགྲིན་རྒྱ་མཚོ་གིས་ སླབ་ཨིན་པས།
ད་ཚུན་གྱི་བར་ན་ འབྲུག་གནམ་གྲུ་ལས་འཛིན་ལུ་ སྡོད་ཁྲི་༤༨ འབད་མི་ ཨེ་ཊི་ཨར་ གནམ་གྲུ་རྩིས་ཏེ་ ཨེ་ཡར་བཱསི་ཨེ་༣༡༩ འབད་མི་ གནམ་གྲུ་༣ ཡོདཔ་ད་ ད་རེས་ གནམ་གྲུ་གསརཔ་ལྷོད་མི་དེ་གིས་ འཕུར་འགྲུལ་མངམ་འབད་ཚུགས་ནི་ཨིན་པས།
ལས་འཛིན་གྱིས་ ཨར་ལེནཌ་ཡོད་མི་ གནམ་གྲུ་གླར་སྤྲོད་ཚོང་སྡེ་ཅིག་ཨིན་མི་ པེམ་བོ་རོག་སྡེ་ཚན་ལས་ གླ་ཁར་ལེན་ཡོད་མི་ གནམ་གྲུ་གསརཔ་དེ་ སྤྱི་ལོ་༢༠༠༩ ལུ་ བཟོ་སྐྲུན་འབད་དེ་ འཕྲལ་ཁམས་ཚུན་ཚོད་ ཨོ་ལིམ་པིག་ཨེ་ཡར་ཟེར་མི་ གི་རིག་གནམ་གྲུ་ལས་སྡེ་ཅིག་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྟ་མགྲིན་རྒྱ་མཚོ་གིས་འབད་བ་ཅིན་ གནམ་གྲུ་དེ་ གསརཔ་འཚམས་ཅིག་ཨིནམ་མ་ཚད་ གནས་སྟངས་ཡང་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ གནམ་གྲུ་དེ་ ལས་འཛིན་གྱིས་ ཨེ་ཡར་བཱསི་གནམ་གྲུ་གསརཔ་ཅིག་ མ་ལྷོད་ཚུན་ཚོད་ སྤྱི་ལོ་༢༠༡༥ ཚུན་ ལག་ལེན་འཐབ་ནི་ཨིན་པས།
དེ་མ་ཚད་ ལས་འཛིན་གྱིས་ གནམ་གྲུ་གླ་ཁར་ལེན་པའི་ གླ་ཆ་དང་ དེ་དང་བསྟུན་པའི་ རྒྱུན་སྐྱོང་ཟད་འགྲོ་ཚུ་རྩིས་ཏེ་ ཟླ་རིམ་བཞིན་དུ་ ཡུ་ཨེསི་ཌོ་ལར་༤༠༠,༠༠༠ འབདཝ་ད་ དངུལ་ཀྲམ་ས་ཡ་༢༢.༤༠ དེ་རེ་ ཟད་འགྲོ་གཏང་ནི་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡ ལུ་ སིངྒ་པུར་ལུ་ ཚོང་འབྲེལ་གྱི་ འཕུར་འགྲུལ་འགོ་དང་པ་ འགོ་བཙུགསཔ་དང་འབྲེལ་ མཁའ་འགྲུལ་པའི་ ཞབས་ཏོག་ལེགས་བཅོས་ཀྱི་ ཐབས་ལམ་གསརཔ་ལེ་ཤ་ཅིག་ འགོ་བཙུགས་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།


No comments:

Post a Comment