གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ནང་གངས་གཟིག་༡༠༠ ལྷགཔ་ཅིག་འོང་ནི།

༤/༩/༢༠༡༢   ༉ ཁ་ཙ་ འབྲུག་ནང་འཁོད་ཀྱི་ རང་དྭགས་ཉམས་སྲུང་མཁས་མཆོག་ཚུ་དང་ ནགས་ཚལ་འགོ་དཔོན་ དེ་ལས་ རི་དྭགས་ཉམས་སྲུང་ནང་ འབྲེལ་གཏོགས་ཅན་གྱི་ གཙུག་སྡེ་ཁག་ཚུ་ལས་ འགོ་དཔོན་ཚུ་གིས་ གངས་གཟིག་ཉམས་སྲུང་གི་གནས་སྟངས་ བསྐྱར་ཞིབ་ཀྱི་ ཐོ་བཀོད་ཞལ་འཛོམས་ཅིག་འཚོགས་ཅི།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གླིང་ཁའི་ནང་ གངས་གཟིག་གི་ གནས་སྟངས་ཞིབ་འཚོལ་འབད་བའི་སྐོར་ གསལ་བཤད་འབད་བའི་བསྒང་།


དེ་ཡང་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ གཅན་གཟན་སྟག་དང་ཕྱདཔ་ད་ གངས་གཟིག་གི་གནས་སྟངས་དེ་ རྒྱལ་སྤྱིའི་གནས་ཚད་ནང་ ཤེས་རྟོགས་ཀྱི་འབྲེལ་གནད་ཆུང་བའི་ཁར་ འབྲུག་ལུ་ཡང་ གངས་གཟིག་དང་འབྲེལ་བའི་ ཞིབ་འཚོལ་ཚུ་ ཉུང་སུ་ཅིག་ལས་མེདཔ་ཨིན་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ གངས་གཟིག་ཚུ་ ཉམས་ཉེན་ཅན་གྱི་ རི་དྭགས་གཅན་གཟན་ཅིག་ཨིནམ་ལས་ གངས་གཟིག་ཉམས་སྲུང་དང་འབྲེལ་བའི་ གནས་སྟངས་བརྟག་ཞིབ་ཀྱི་དོན་ལུ་ ཉམས་སྲུང་ལས་འགུལ་དང་ བྱ་སྒོའི་རིགས་ཀྱི་ གནས་སྟངས་ཐོ་བཀོད་དང་ བསྐྱར་ཞིབ་ཞལ་འཛོམས་དེ་ ཁག་ཆེ་བའི་གནད་དོན་ཅིག་སྦེ་ མཐོང་གསལ་བྱུང་ཡོད་མི་ལུ་བརྟེན་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་འབྲུག་གི་ འཆར་གཞི་༡༡ པའི་ནང་ ཉམས་ཉེན་ཡོད་པའི་ རི་དྭགས་སེམས་ཅན་ཚུ་གི་ གྱངས་ཁ་དེ་ མར་ཉམས་མ་འགྱོ་བར་ ཚད་ལྡན་གྱི་ཐོག་ལུ་ འཛིན་སྐྱོང་འབད་ནིའི་ དམིགས་གཏད་ཨིནམ་བཞིན་དུ་  གངས་གཟིག་ཉམས་སྲུང་དོན་ལུ་ ཞིབ་འཚོལ་དང་ བྱ་སྒོའི་རིམ་པ་ཚུ་ ལག་ལེན་འཐབ་དགོཔ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ གངས་གཟིག་ཉམས་སྲུང་ ཐོ་བཀོད་ཞལ་འཛོམས་དེ་གིས་ རི་དྭགས་ཉམས་སྲུང་དང་ འབྲེལ་གཏོགས་ཅན་གྱི་ ལས་སྡེ་དང་ གཙུག་སྡེ་ཁག་ཚུ་གི་བར་ན་ མཉམ་འབྲེལ་འགོ་འདྲེན་འཐབ་ནི་ལུ་ ལྷན་ཐབས་བྱུང་ཚུགས་ནི་གི་ ཁེ་ཕན་ཡོདཔ་ཨིན་པས།
རི་དྭགས་སྲུང་སྐྱོབ་སྡེ་ཚན་ནང་ལས་ ལྷུན་གྲུབ་མཐར་ཕྱིན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ཞལ་འཛོམས་འཚོགས་དགོ་མིའི་ གནད་དོན་གཙོ་བོ་ར་ འབྲུག་གིས་ ད་ཚུན་གྱི་རིང་ གངས་རིའི་སྐྱེ་ལྡན་གནས་སྟངས་ནང་ གལ་ཅན་ཅིག་ཨིན་མི་ སྲོག་ཆགས་ གངས་གཟིག་ཚུ་ ཉམས་སྲུང་གི་དོན་ལུ་ བརྩོན་ཤུགས་ཞན་སུ་ཅིག་སྦེ་གནས་ཡོདཔ་ལས་ ད་ལས་ཕར་ ལས་རིམ་ཚུ་ རྒྱ་བསྐྱེད་འབད་དགོཔ་ཡོད་ཟེར་ཨིན་པས།
ཁ་ཙ་  ཨེ་མི་རི་ཀ་ལས་གློག་རིག་ཡོངས་འབྲེལ་ཐོག་ ཞལ་འཛོམས་ནང་ འབྲེལ་གཏོགས་འབད་མི་ཚུ་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱག་རྒྱལ་ཡོངས་གླིང་ཁའི་ནང་ གངས་གཟིག་གི་ གནས་སྟངས་ཞིབ་འཚོལ་འབད་ཡོད་པའི་ སྔོན་འགྲོའི་གྲུབ་འབྲས་སྙན་ཞུ་ གསལ་བཤད་འབད་ཡོད་མི་ འབྲུག་གཞི་ཚོགས་ལས་ ཚེ་དབང་ཨར་དབང་ཕྱུག་གིས་ སླབ་མིའི་ནང་ གངས་གཟིག་གི་ ཉམས་སྲུང་ནང་ མི་སྡེའི་འབྲེལ་གཏོགས་འགོ་འདྲེན་འཐབ་ནི་དེ་ ད་རེས་ དུས་ཚོད་ཁར་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་མི་སྡེའི་ནང་གི་ མི་སེར་ཚུ་ ཁྲིམས་ལུ་བརྩི་མཐོང་ཡོད་མི་ཨིནམ་ལས་ གཞན་རྒྱལ་ཁབ་ཚུ་གི་ ལམ་ལུགས་ལུ་ གཞིར་བཞག་ཐོག་ལས་མིན་པར་ འབྲུག་གི་མི་སྡེའི་ནང་ འབྲེལ་གཏོགས་ཅན་གྱི་  རང་གི་ལམ་ལུགས་གསརཔ་ཅིག་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ཞིབ་འཚོལ་གྱི་ སྔོན་འགྲོའི་གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཁའི་ནང་ གངས་གཟིག་གི་གྱངས་ཁ་དེ་༡༠༠ ལྷགཔ་ཅིག་འོང་ནིའི་ འོས་འབབ་འདུག་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ གངས་གཟིག་དེ་ མང་ཤོས་ར་ ནུབ་ཕྱོགས་ཀྱི་གངས་རི་ཚུ་ནང་ལས་ཕར་སྡོད་དོ་ཡོདཔ་ད་ ཤར་ཕྱོགས་ཁ་ཐུག་ལུ་ འགྱོ་བའི་བསྒང་ལས་ གངས་གཟིག་གི་གྱངས་ཁ་དེ་ ཉུང་སུ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ འབྲུག་གི་གངས་གཟིག་ཉམས་སྲུང་གི་ལས་རིམ་འགོ་འདྲེན་འཐབ་ད་ཡང་ གནད་དོན་དེ་ཚུ་ སེམས་ཁར་བཞག་སྟེ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པས།
ཞལ་འཛོམས་དེ་ནང་ ད་ཚུན་ རྒྱལ་ཡོངས་གླིང་ཁ་ཚུ་གིས་ གངས་གཟིག་དང་འབྲེལ་བའི་ ཉམས་སྲུང་ལས་རིམ་ཚུ་ ག་ཅི་ར་ འགོ་འདྲེན་འཐབ་ཡོད་ག་དང་ ལས་རིམ་གཞན་ག་ཅི་ཡོད་ག་ དེ་ལས་ ཞིབ་འཚོལ་དང་འབྲེལ་བའི་ ཐབས་ཤེས་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་དང་ ད་ལྟོའི་གནས་སྟངས་ནང་ ག་དེ་སྦེ་ཡོད་ག་ཚུ་ གྲོས་བསྡུར་འབད་དེ་ ཐོ་བཀོད་འབད་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment