གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་ལུ་ ཁ་ཟས་བཟོ་ཁང་༢ སྒོ་བསྡམས་བཅུག་ཡོདཔ།

༤/༩/༢༠༡༢   ༉ འདས་པའི་ཟླཝ་ནང་ རྩི་རང་ཁྲོམ་ཁར་ ཁ་ཟས་ཚོང་ཁང་ཚུ་ནང་ལས་བཙོང་མི་ ཁ་ཟས་ཚུ་ བཟའ་བའི་ཤུལ་ལས་ མི་༡༣ ནདཔ་ཐོན་མི་དང་བསྟུན་ཏེ་ འབྲུག་བཟའ་སྤྱོད་དང་ ཁྲིམས་ལྡན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁ་ཟས་བཟོ་ཁང་ཚུ་ སྒོ་བསྡམས་བཅུག་སྟེ་ བདུན་ཕྲག་༢ ལང་ནུག།
རྩི་རང་ཁྲོམ་ཁར་ ཁ་ཟས་བཟོ་ཁང་སྒོ་བསྡམས་མི་ལུ་བརྟེན་ ཁ་ཟས་བཙུགས་སའི་ཤེལ་སྒྲོམ་སྟོངམ་ཐོན་ཡོདཔ།


དེ་ཡང་ ཐིམ་ཕུ་འོད་གསལ་སྤང་ལུ་ཡོད་མི་ རྒྱལ་ཡོངས་བཟའ་སྤྱོད་བརྟག་དཔྱད་ཁང་གིས་ ཁ་ཟས་ཚུ་གི་ དཔེ་ཚད་བརྟག་དཔྱད་འབད་བའི་སྐབས་ འགྲམ་ཕུག་སྨན་ཁང་ནང་བསྐྱལ་མི་ ནདཔ་ཚུ་ལུ་ ཟས་དུག་ཐོབ་ཡོད་པའི་ བདེན་རྟགས་གསལ་སྟོན་འབད་མི་དང་འཁྲིལ་ཨིན་པས།
ནདཔ་མང་ཤོས་ར་ སློབ་ཕྲུག་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ ཁ་ཟས་བཟོ་ཁང་ཚུ་ནང་ལས་ ཟས་རིགས་བཟའ་སྤྱོད་འབད་བའི་ཤུལ་ལས་ ན་སྟེ་ འགྲམ་ཕུག་སྨན་ཁང་ནང་ བསྐྱལ་ཡོདཔ་མ་ཚད་ གཞན་ནདཔ་༥ མན་ཌལ་སྒང་སྨན་ཁང་འབྲིང་མའི་ནང་བསྐྱལ་ནུག།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ ཁ་ཟས་བཟོ་ཁང་ཚུ་ནང་ལས་ ཟས་རིགས་ལྷམ་པ་༡༤ དེ་ཅིག་ བརྟག་དཔྱད་ཀྱི་དོན་ལུ་ དཔེ་ཚད་ཚུ་ རྒྱལ་ཡོངས་བཟའ་སྤྱོད་བརྟག་དཔྱད་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་དང་ ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཟས་དུག་དེ་ ཁ་ཟས་ཀྱི་རིགས་ཚུ་ ལག་ལེན་དང་ སྐྱེལ་ལེན་འབད་བའི་སྐབས་ མ་ཤེས་པར་ ཀོ་ལི་ཕཱོམ་ཟེར་མི་ འབུབ་ཚུ་ལས་བརྟེན་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ཁོང་གིས་ བཤད་མིའི་ནང་ ཁ་ཟས་ཚོང་ཁང་ཚུ་ལུ་ འབྲུག་གི་བཟའ་སྤྱོད་བཅའ་ཁྲིམས་༢༠༠༥ ཅན་མ་དང་འཁྲིལ་ ངོས་ལེན་འབད་ནི་ཨིནམ་མ་ཚད་ དབང་འཛིན་གྱི་ གནས་ཚད་ནང་ མ་ལྷོད་ཚུན་ཚོད་ ཞིབ་དཔྱད་ཚུ་ཡང་ ག་དེ་མང་མང་འབད་ནི་ཨིན་ཟེར་ཨིན་པས།
བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཁ་ཟས་ཚོང་ཁང་གི་ ཇོ་བདག་ཚུ་གིས་ མི་མང་གི་ གཟུགས་ཁམས་གཙང་སྦྲ་ལུ་ གཙོ་བོར་མ་བཏོན་པའི་ཉེས་བྱ་ ཚོང་ཁང་ནང་ཡོད་མི་ ཚོང་ཆས་ཀྱི་ འབོར་ཚད་ལས་ བཅུ་ལྟབ་ཀྱི་ གོང་ཚད་ཕོག་ནི་ཨིན་པས།
འབྲུག་བཟའ་སྤྱོད་དང་ ཁྲིམས་དོན་དབང་འཛིན་གྱི་ ཁྲིམས་དོན་དང་ བརྟག་དཔྱད་གཙོ་འཛིན་ ཀུན་ལེགས་དཔལ་སྒྲོན་གྱིས་ སླབ་མིའི་ནང་ མི་མང་ལུ་ ཉེན་སྲུང་དང་ལྡན་པའི་ བཟའ་སྤྱོད་ཀྱི་རིགས་ བཙོང་ནི་གི་ འགན་ཁུར་དེ་ ཚོང་པ་ཚུ་ལུ་ཕོགཔ་ལས་ བཟའ་ཆས་ལག་ལེན་འཐབ་པའི་སྐབས་ དྲནམ་བཏོན་དགོཔ་གལ་ཆེ་ཟེར་ཨིན་པས།
ག་འཆརཔ་ཟེར་བ་ཅིན་ དེ་གིས་ མི་མང་གི་ ཚེ་སྲོག་ལུ་ཡང་ ཐོ་ཕོག་ཉེན་ཡོདཔ་ལས་ བཅའ་ཁྲིམས་དང་འཁྲིལ་ཏེ་ ཉེས་བྱ་ཚུ་ བཀལ་ནི་ཨིན་ཟེར་ མོ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཁ་ཟས་རྐྱངམ་གཅིག་མེན་པར་ ཚོང་པ་གང་རུང་གིས་ ཚོང་ཆས་གཞན་ དཔེར་ན་ དུས་ཚོད་འབྱིད་མི་དང་ བཙའ་ཆགས་མི་ ལྕགས་ཊིན་ཚུ་བཙོང་སར་ མཐོང་པ་ཅིན་ ཚོང་མགྲོན་པ་ཚུ་གིས་ ཐད་ཀར་དུ་ བརྒྱུད་འཕྲིན་ཨང་༡༥༥ ནང་ བཏང་སྟེ་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
ཀུན་ལེགས་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ཚོང་པ་ཚུ་གིས་ རང་གི་འབབ་ཁུངས་ལུ་བལྟ་སྟེ་ མིའི་ཚེ་སྲོག་ གནོད་ཉེན་རྐྱབ་ནི་ མི་འོང་ཟེར་ཨིནམ་ད་ དབང་འཛིན་གྱིས་ ལྟ་རྟོག་དང་འབྲེལ་ ཇོ་བདག་ཚུ་ལུ་ གཙང་སྦྲ་འཕྲོད་བསྟེན་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཟེར་སླབ་ཨིན་པས།
དེ་འབདཝ་ད་ ཁ་ཟས་བཟོ་ཁང་གི་ ཇོ་བདག་ཚུ་གིས་འབད་བ་ཅིན་ ཁ་ཟས་ཀྱི་རིགས་ཚུ་ བཟོ་ཞིནམ་ལས་ ཉིནམ་༣ གྱི་ནང་འཁོད་ལུ་ བཙོང་དོ་ཡོདཔ་ལས་ ཟས་དུག་དེ་ ཁ་ཟས་ལས་བརྟེན་བྱུང་བྱུངམ་མི་འོང་ཟེར་ཨིནམ་ད་ ཆོ་བཱ་སྦྲང་རྩི་ཁ་ཟས་བཟོ་ཁང་གི་ཇོ་བདག་ ཀརྨ་གིས་ སླབ་མིའི་ནང་ ནདཔ་ལ་ལུ་ཅིག་གིས་ ཁ་ཟས་ཚུ་ དང་པ་ར་ ཁ་ཟས་བཟོ་ཁང་སོ་སོའི་ནང་ ཟ་ཡོད་རུང་ དུས་ཚོད་གཅིག་ནང་ ཚོང་ཁང་ཅིག་ནང་ལས་ ཁ་ཟས་ཟ་མི་ ལ་ལུ་ཅིག་ལུ་ ཟས་དུག་མ་ཐོབ་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁ་ཟས་ཚོང་ཁང་དེ་ མོ་གི་ འོང་འབབ་ཀྱི་ འཐོན་ཁུངས་ ངོ་མ་ཅིག་ཨིནམ་ལས་ ཡུན་རིངམོ་སྦེ་ སྒོ་བསྡམས་བཞག་མི་དེ་གིས་ ལས་མིའི་དངུལ་ཕོགས་དང་ ཁང་གླ་ཚུ་ ག་དེ་སྦེ་ སྤྲོད་ཚུགས་ག་ཟེར་བའི་ ཚ་གྱང་ཕོག་སྟེ་ཡོད་ཟེར་ཨིན་པས།
དབང་འཛིན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཟས་བཟོ་ཁང་ཚུ་ ཞིབ་དཔྱད་མཐིལ་ཕྱིན་འབད་དེ་ གནས་ཚད་ནང་ མ་ལྷོད་ཚུན་ཚོད་ སྒོ་བསྡམས་ཏེ་ར་ བཞག་འོང་ཟེར་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment