གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་གྱི་ ཚོང་ཁང་ཚུ་གི་ཕྱི་ཁར་ ཚོང་ཆས་ཚུ་བཀྲམ་སྟེ་ བཙོང་མ་ཆོགཔ།

༤/༩/༢༠༡༢   སྤྱི་ཟླ་༩ པའི་ཚེས་༡༥ ལས་ གལ་སྲིད་ ཚོང་ཁང་གི་ཕྱི་ཁར་ ཚོང་ཆས་ཚུ་བཀྲམ་སྟེ་ བཙོང་སར་མཐོང་པ་ཅིན་ ཐེངས་རེ་ལུ་ ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་ བཀལ་ནི་ཨིན་པས།

༉ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་གྱི་ ནོར་འཛིན་ལམ་དང་ དམིགས་བསལ་དུ་ ཚོད་བསྲེ་ཁྲོམ་ཁར་ ཉོ་ཚོང་རྐྱབ་པར་འགྱོ་མི་ཚུ་གིས་ ཚོང་ཁང་ཚུ་གི་ ཕྱི་ཁ་ལས་ཕར་ ཚོང་ཆས་ཚུ་ བཀྲམ་བཞག་སར་ མཐོངམ་ཨིན་རུང་ སྤྱི་ཟླ་༩ པའི་ཚེས་༡༥ ལས་ དེ་བཟུམ་མའི་ མཐོང་སྣང་དེ་ སོ་སོ་ཅིག་ལུ་ འགྱུར་ནི་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཁྲོམ་གྱི་ ས་ཁོངས་ནང་ ཚོང་ཁང་ཚུ་གི་ཕྱི་ཁར་ ཚོང་ཆས་ཚུ་ བཀྲམ་བཞག་པའི་མཐོང་སྣང་།


དེ་ཡང་ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ཚོང་ཆས་ཚུ་ ཚོང་ཁང་གི་ཕྱི་ཁ་ལས་ཕར་ བཀྲམ་བཞག་མ་ཆོག་པའི་ གསལ་བསྒྲགས་ཅིག་ འབད་མི་དང་འཁྲིལ་ཏེ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ གསལ་བསྒྲགས་དེ་ མ་འབད་བའི་ཧེ་མར་ ཚར་གཅིག་ ཚོང་ཁང་གི་ཕྱི་ཁར་ ཀ་ཆེན་ཡོད་མི་ཚུ་གི་ རྩ་བ་ལས་ཕར་ ཚོང་ཆས་ཚུ་ བཀྲམ་བཞག་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་རུང་ ཚོང་ཁང་གི་གདོང་ཁར་ ཀ་ཆེན་མེད་མི་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཁྲིམས་ལུགས་དེ་ ག་ར་ལུ་ འདྲ་མཉམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ཏེ་ ད་རེས་ནངས་པ་ ཚོང་ཁང་གི་ཕྱི་ཁ་ལས་ཕར་ ཚོང་ཆས་ཚུ་ ཨ་རྟག་ར་ བཀྲམ་ཐོག་ལས་བཙོང་མི་ ཚོང་པ་ལ་ལུ་ཅིག་ལུ་ གསལ་བསྒྲགས་འབད་མི་དེ་ སྤྲོད་དེ་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཁྲིམས་ལུགས་ལག་ལེན་འཐབ་མི་ལུ་བརྟེན་ ཚོང་ཁང་གི་ གདོང་ཁ་ལས་ཕར་ ཉོ་ཚོང་རྐྱབ་མི་ཚུ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ རྐང་འགྲུལ་འབད་ཚུགས་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ཚུགས་ནི་ དེ་ལས་ ཁྲོམ་གྱི་མཛེས་ཆ་ཚུ་ཡང་ ལེགས་ཤོམ་སྦེ་ བཞག་ཚུགས་ཟེར་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ ཚོང་པ་ཚུ་གིས་ ཚོང་ཁང་ཆུང་ཀུ་རེ་ ཁང་གླར་ལེན་ཞིནམ་ལས་ ཚོང་ཆས་ཚུ་ མང་ཤོས་ར་ ཚོང་ཁང་གི་ ཕྱི་ཁ་ལས་ཕར་ བཀྲམ་བཞགཔ་མ་ཚད་ ལ་ལུ་ཅིག་གིས་ རང་སོའི་ ཚོང་ཁང་གི་ཕྱི་ཁར་ གུར་སྤུབས་ཏེ་ ཚོང་བཙོང་མི་ཡང་ འདུག་ཟེར་ཨིན་པས།
གལ་སྲིད་ ཁྲིམས་ལུགས་དེ་ ལག་ལེན་མ་འཐབ་པ་ཅིན་ ཚོང་པ་ཚུ་གིས་ ཁོང་རའི་ ཁེ་སང་གི་དོན་ལུ་རྐྱངམ་གཅིག་མ་གཏོགས་ ཚོང་མགྲོན་པ་ཚུ་གི་དོན་ལུ་ མི་ལྟ་དོ་ཡོདཔ་ལས་ ཤུལ་ལས་ ཁྲོམ་ཁ་ལུ་ མི་ཚུ་ལམ་འགྱོ་སའི་ ས་གོ་ཡང་ མི་ལུས་ནི་མས་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ཚོང་བཙོང་སྟེ་ ལོ་༧ དེ་ཅིག་ལང་མི་ ཚོང་པ་ཨམ་སྲུ་ཅིག་གིས་ བཤད་མིའི་ནང་ མོ་གི་ཚོང་ཁང་དེ་ ཆུང་ནི་དེ་གིས་ ཚོང་ཆས་ཚུ་མ་ཤོང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ལས་ ཚོང་ཁང་གི་གདོང་ཁར་ ཁྱིམ་ཐོག་དང་ཕྲང་སྟེ་ཡོད་པའི་ ས་ཁོངས་ནང་ ཚོང་བཙོང་བཅུག་རུང་ དྲག་ནི་མས་ཟེར་ཨིན་པས།
དེ་སྦེ་ ཚོང་ཁང་གི་ ཕྱི་ཁ་ལས་ཕར་ ཚོང་ཆས་ཚུ་ བཀྲམ་ཐོག་ལས་ བཙོང་མི་གིས་ ཚོང་པ་དང་ ཚོང་ཉོ་མི་༢ ཆ་ར་ལུ་ བྱ་སྟབས་བདེ་ཏོག་ཏོ་ འདུག་ཟེར་ཨིནམ་ད་ མོ་གིས་ ཟླ་ངོ་༢ དེ་ཅིག་གི་ ཧེ་མ་ལས་ གསལ་བསྒྲགས་དེ་ ཐོབ་ཅི་ཟེར་ ལྷམ་དང་ ཀྲེབ་ཀྲེམ་བཙོང་མི་ ཚོང་པ་གིས་ སླབ་ཨིན་པས།
ཚོད་བསྲེ་ཁྲོམ་གྱི་ས་ཁོངས་ནང་ ཚོང་ཁང་གི་གདོང་ཁར་ གུར་སྤུབས་ཏེ་ ཚོང་ཆས་ཚུ་ བཀྲམ་བཞག་མི་ ཚོང་པ་ཕོ་སྐྱེས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ ཁོ་གིས་ གུར་སྤུབས་ཏེ་ ཚོང་ཆས་བཀྲམ་བཞག་མི་ ས་ཁོངས་དེ་ ཁོ་རའི་ ཚོང་ཁང་ ཇོ་བདག་གི་ས་ཆ་ཨིནམ་ལས་ དེ་གིས་ གཞུང་ལུ་ གནོད་དགོཔ་ཅིག་ ག་ཅི་ཡང་མེདཔ་ཨིན་རུང་ འཕྲལ་འཕྲལ་སྦེ་ར་ ཁྲོམ་སྡེའི་ལྟ་རྟོག་པ་ཨིན་ཟེར་ མི་ཚུ་འོང་སྟེ་ ཉེས་ཆད་ཐེངས་༤ དེ་ཅིག་ བཀལ་ཡི་ཟེར་ཨིན་པས།
ཉེས་ཆད་དངུལ་ཀྲམ་༡,༠༠༠ རེ་ ལེན་འབག་མི་ཚུ་ཡང་ ལ་ལུ་ཅིག་གིས་ གོ་གྱོན་ཏེ་འོངམ་ཨིན་རུང་ ལ་ལུ་ཅིག་གིས་ དོམ་ཁེན་འཇར་གྱོན་ཏེ་ འོང་དོ་ཡོདཔ་ལས་ ངོ་མ་ཨིན་ན་མེན་ན་ཡང་ ངོས་འཛིན་འབད་མི་ཚུགས་པས་ཟེར་ཨིནམ་ད་ གལ་སྲིད་ ཉེས་བྱ་ཚུ་མ་སྤྲོད་པ་ཅིན་ ཁྲིམས་སྲུང་འགག་པ་ གཏང་ནི་ཨིན་ཟེར་ འདྲོག་འཇིགས་འཐབ་བཅུགཔ་མས་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གིས་ ཚོང་པ་ཚུ་གི་ སྟབས་བདེ་ཧིང་ལུ་ལྟ་སྟེ་ ཚོང་ཁང་གི་ ཕྱི་ཁའི་ས་ཁོངས་ ག་ཏེ་ཚུན་ ཚོང་ཆས་ཚུ་ བཀྲམ་བཞག་ཆོགཔ་ཨིན་ནའི་ ཚད་གཞི་ཅིག་ བཟོ་གནང་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིནམ་ད་ གལ་སྲིད་ དེ་སྦེ་རྩ་ལས་ར་ འབད་ཐབས་མེད་པ་ཅིན་ ཚོང་པ་གཞན་ཚུ་དང་ ཤོ་མཚུངས་སྦེ་ར་ འབད་དགོཔ་འོང་ཟེར་ཨིན་པས།
ཁོ་བཟུམ་སྦེ་ ཚོང་པ་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཚོང་ཆས་ཚུ་ ཚོང་ཁང་གི་ཕྱི་ཁར་ བཀྲམ་མ་ཆོག་པའི་ ཁྲིམས་ལུགས་དེ་ ཧེ་མ་ལས་ར་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མི་ཅིག་ རྩ་ལས་ར་ མ་ཐོན་ཟེར་ཨིན་པས།
ཚོང་པ་གཞན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ མ་གཞི་ གཞུང་ལུ་ ཁྲལ་མ་བཏབ་པར་ ལམ་བདའ་སྟེ་ ཚོང་བཙོང་མི་ཚུ་ལུ་འབད་བ་ཅིན་ དེ་བཟུམ་མའི་ ཁྲིམས་ལུགས་དེ་ ངེས་པར་དུ་ དགོཔ་ཅིག་ཨིན་རུང་ ཁོང་བཟུམ་མའི་ ཚོང་པ་ཚུ་ལུ་ འོས་འབབ་ཅིག་ མི་མཐོང་པས་ཟེར་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ ད་རེས་ གསལ་བསྒྲགས་ནང་ གསལ་བཀོད་འབད་དེ་ཡོད་པའི་ དུས་ཚོད་དེ་ལས་ ཁྲིམས་ལུགས་དང་མ་འཁྲིལ་བར་ ལཱ་འབད་མི་རེ་ འཐོན་པ་ཅིན་ ཐེངས་རེ་ལུ་ ཉེས་ཆད་ཚུ་ཡངས་ཆག་མེད་པར་བཀལ་ནི་ཨིན་ཟེར་བའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment