གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགྲོན་སྐྱོང་སྦྱོང་བརྡར་ལུ་བརྟེན་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི།

༤/༩/༢༠༡༢   ༉ ཁ་ཙ་ བཞེས་སྒོ་འབད་ཐངས་དང་ ཁ་ཟས་དང་མངར་ཟས་ཚུ་ བཟོ་ཐངས་ཀྱི་ སྦྱོང་བརྡར་མཇུག་བསྡུ་མི་ ན་གཞོན་༥༦ གིས་ ད་ལས་ཕར་ ཁོང་རའི་ མི་ཚེ་ནང་ མགྲོན་སྐྱོང་ལེགས་ཤོམ་འཐབ་སྟེ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་དང་ མགྲོན་སྐྱོང་སྦྱོང་བརྡར་མཇུག་བསྡུ་མི་ན་གཞོན་ཚུ།


དེ་ཡང་ ཐིམ་ཕུ་རྟ་རྦབ་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ལྟ་བཤལ་འཛིན་སྐྱོང་སློབ་གྲྭ་ནང་སྦེ་ དུས་ཡུན་ཟླ་ངོ་༦ གི་རིང་ སྦྱོང་བརྡར་འབད་མི་ ན་གཞོན་ཚུ་གི་གྲས་ལས་ ཚོང་འབྲེལ་དང་ ཐབ་ཚང་གི་དོན་ལུ་ བཞེས་སྒོ་འབད་མི་༣༦ དང་ ཁ་ཟས་དང་མངར་ཟས་བཟོ་ནིའི་དོན་ལུ་ སྦྱོང་བརྡར་འབད་མི་ ན་གཞོན་༢༠ གིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ལྟ་བཤལ་འཛིན་སྐྱོང་སྤེལ་ཁང་ལས་ མཐར་འཁྱོལ་བྱུང་མི་ སྦྱོང་བརྡར་བ་ཚུ་ལུ་ ཚོང་འབྲེལ་གྱི་ བཞེས་སྒོའི་རིགས་བཟོ་ཐངས་ལས་ དྲག་ཤོས་ཐོན་མི་དང་ མངར་ཟས་བཟོ་ཐངས་ལས་ ཨང་དང་པ་ཐོན་མི་ དེ་ལས་ ཁ་ཟས་ཀྱི་རིགས་བཟོ་ཐངས་ལས་ དྲག་ཤོས་ཐོན་མི་ སྦྱོང་བརྡར་བ་ཚུ་ལུ་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལག་ཁྱེར་ཚུ་ གནང་ཡོདཔ་བཞིན་དུ་ སྦྱོང་བརྡར་འབད་མི་ གཞན་ཚུ་ལུ་ཡང་ མཐར་འཁྱོལ་ལག་ཁྱེར་ཚུ་ གནང་ཡི།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ན་གཞོན་ཚུ་ལུ་ གསུངས་མིའི་ནང་ གཞུང་གི་སྲིད་བྱུས་དང་ འཆར་གཞི་༡༠ པའི་ནང་ ན་གཞོན་ཚུ་གི་ ལཱ་གཡོག་གི་དཀའ་ངལ་བསལ་ནི་དེ་ཨིནམ་ལས་ ལྷན་ཁག་གིས་ ན་གཞོན་ཚུ་གི་དོན་ལུ་ ལས་རིམ་དང་ སྦྱོང་བརྡར་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཐོག་ལས་ ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ ཤེས་ཡོན་རྒྱ་བསྐྱེད་ཀྱི་དོན་ལུ་ སྦྱོང་བརྡར་བྱིན་མིའི་གྲས་ལས་ གཅིག་ ད་རེས་ མཐར་འཁྱོལ་འགྱོ་མི་ཚུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ལྟ་བཤལ་འཛིན་སྐྱོང་སློབ་གྲྭ་ནང་ མ་འོངས་པའི་ ན་གཞོན་ཚུ་ལུ་ སྦྱོང་བརྡར་གྱི་གོ་སྐབས་སྤྲོད་དེ་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་པའི་ཁར་ མི་སྡེའི་ནང་ རང་མགོ་རང་འདྲོངས་སྡོད་ཚུགས་ཟེར་ གསུངས་ཡི།
བཞེས་སྒོའི་རིགས་བཟོ་ཐངས་ལས་ མཐར་འཁྱོལ་མི་ སྐྱེས་ལོ་༢༢ ལང་མི་ ནོར་བུ་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་པའི་བཞེས་སྒོའི་རིགས་ ག་དེམ་ཅིག་ཡོདཔ་ཨིན་ན་ དེ་ཚུ་ ཆ་མཉམ་ར་ བཟོ་ནིའི་སྦྱོང་བརྡར་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་མ་ཚུགསཔ་ཨིན་རུང་ གནས་སྐབས་ཅིག་གི་དོན་ལུ་ ཕན་ཐོགས་ཚུགས་པའི་ བཞེས་སྒོའི་རིགས་ཚུ་ བཟོ་ཐངས་ཀྱི་སྐོར་ལས་ ཧ་གོ་ཡི་ཟེར་ཨིན་པས།
ཟླ་ངོ་༦ ཚུན་ སྦྱོང་བརྡར་བྱིན་མི་དེ་གིས་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ཉམས་མྱོང་ཚུ་ ཐོབ་སྟེ་འབད་རུང་ ཟ་ཁང་སྦོམ་ཚུ་ནང་འགྱོ་སྟེ་ བཞེས་སྒོའི་རིགས་ཚུ་ འབད་མི་ཚུགས་ཟེར་ཨིནམ་ད་ ཉམས་མྱོང་ལེགས་ཤོམ་སྦེ་ འཐོབ་ཞིནམ་ལས་ ང་ར་གིས་ འབད་ཚུགས་པ་ཅིན་ ཟ་ཁང་སྒོ་ཕྱེ་ནིའི་ མནོ་བསམ་ཡོད་ཟེར་ སླབ་ཨིན་པས།
སྐྱེས་ལོ་༢༣ འབད་མི་ སངས་རྒྱས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སློབ་རིམ་༡༠ པ་ མཐར་འཁྱོལ་ཞིནམ་ལས་ སྣ་ཚོགས་ཚོང་ཁང་ཅིག་ སྒོ་ཕྱེ་ཡོད་རུང་ ད་རེས་བཟུམ་སྦེ་ ཁ་ཟས་བཟོ་ནི་དང་ མངར་ཟས་ཀྱི་རིགས་བཟོ་ནི་ལུ་ ཉམས་མྱོང་ག་ནི་ཡང་ མེདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ སྦྱོང་བརྡར་ལས་ཐོབ་མི་ ཡོན་ཏན་དང་ རིག་རྩལ་ དེ་ལས་ ལྕོགས་གྲུབ་ཚུ་ བཏོན་ཐོག་ལས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ མི་སེར་ལུ་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྲོད་ཚུགསཔ་བཟོ་ནི་དང་ ང་རའི་ མི་ཚེ་འདི་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་ལུ་ ཕན་ཐོགས་སྦོམ་ཡོད་རུང་ ད་ལས་ཕར་ སྤེལ་ཁང་དེ་ནང་ སྦྱོང་བརྡར་འབད་ནིའི་ དུས་ཡུན་དེ་ ཡར་སེང་རྐྱབ་གནང་པ་ཅིན་ མ་འོངས་ན་གཞོན་ཚུ་ལུ་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ལྟ་བཤལ་འཛིན་སྐྱོང་སྤེལ་ཁང་ལས་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྦྱོང་བརྡར་འབད་མི་ན་གཞོན་ཚུ་གིས་ ཟླ་ངོ་༦ གི་རིང་ལུ་ རང་སོའི་ བློ་འདོད་དང་འཁྲིལ་ཏེ་ སྦྱོང་བརྡར་འབད་ཡི་ཟེར་ཨིནམ་ད་ སྦྱོང་བརྡར་ཚུ་ཡང་ རྒྱལ་ཁབ་ཀྱི་ ཟ་ཁང་སྦོམ་ཚུ་ནང་ལས་ དུས་ཡུན་ཟླ་ངོ་ལས་བཅད་དེ་ བཏང་ཡི་ཟེར་ཨིནམ་ད་ སྦྱོང་བརྡར་ལས་མཐར་འཁྱོལ་མི་ཚུ་གི་ ཆོས་རྒྱུགས་ནང་ ཁོང་རའི་ ལྕོགས་གྲུབ་དང་འཁྲིལ་ཏེ་ སྐུགས་བྱིན་ཡི་ཟེར་ཨིན་པས།
ཟླ་ངོ་༦ གི་རིང་ ན་གཞོན་༥༦ གིས་ སྤྲོ་བ་དང་ དང་འདོད་སྦོམ་བསྐྱེད་དེ་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ཚུ་ཡང་ བརྒྱ་ཆ་༨༠ ཡན་ཆད་ཐོབ་ནུག་ཟེར་ཨིནམ་ད་ ན་གཞོན་ཚུ་ལས་ བསམ་འཆར་ཟེར་རུང་ ད་ལས་ཕར་ མ་འོངས་པའི་ན་གཞོན་ཚུ་གི་ སྦྱོང་བརྡར་གྱི་ དུས་ཡུན་ཡར་སེང་འབད་དགོཔ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ འཛམ་གླིང་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མི་གྲངས་༢༥ ལུ་ ཟླ་ངོ་༡༢ ཀྱི་རིང་ ཌིབ་ལོ་མའི་ འཛིན་སྐྱོང་སློབ་སྦྱོང་འབད་བའི་བསྒང་ཡོདཔ་ད་ སྤེལ་ཁང་དེ་གིས་ སྤྱི་ལོ་༢༠༡༣ གྱི་ནང་འཁོད་ལུ་ ན་གཞོན་༣,༥༠༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་དགོཔ་ཨིན་པས།
ལས་གཡོག་ལྷན་ཁག་གིས་ འཛམ་གླིང་དངུལ་ཁང་གི་ མ་དངུལ་ཐོག་ལས་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་འཛིན་སྐྱོང་སྤེལ་ཁང་༢ དང་ མཉམ་རུབ་ཐོག་ལས་ སྦྱོང་བརྡར་བྱིན་མི་དེ་ལུ་ ཟས་འགྲོ་དངུལ་ཀྲམ་ས་ཡ་༢.༨༥༦ བཏང་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment