གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༣/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ གཡང་འཕེལ་མདའ་རྩེད་ ཐེངས་༡༦ པའི་ མཐའ་བཅད་ཀྱི་རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༥ འི་ནང་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ ཨང་དང་པ་ཐོན་ཡོདཔ་ལས་ ལྟདམོ་བལྟ་མི་ཚུ་ཡང་ ངལ་རངས་བྱུང་ཡོདཔ་ཨིན་པས།
དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ རྒྱལ་རྟགས་ཀྱི་ གསོལ་རས་ལེན་པའི་བསྒང་།


དེ་ཡང་ དྲོ་པའི་ཆུ་ཚོད་༨ ལས་ དཔལ་ལྡན་ཚོང་ལས་སྡེ་ཚན་དང་ གཡུས་རྒྱལ་སྡེ་ཚན་ དེ་ལས་ ཌའི་གཱོན་རུཊ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ སྐོར་ཐེངས་༤ པའི་ནང་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ དོ་སྦྱེལ་དང་ བཀག་རེག་ལེ་ཤ་ཕོག་པའི་སྐབས་ལུ་ སྡེ་ཚན་གཞན་མི་༢ ཀྱིས་ དོ་འགྲན་འབད་མ་ཚུགསཔ་ལས་ སྐུགས་དང་པ་ཆོད་ཅི།
དེ་བསྒང་ ལྟདམོ་བལྟ་མི་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ རང་སོའི་དགའ་མི་ སྡེ་ཚན་གྱི་ཁ་ཐུག་ལས་སྦེ་ སྐད་རྐྱབ་ཐོག་ལས་ རྒྱབ་སྐྱོར་དང་ ལམ་སྟོན་ཚུ་འབད་ཡོདཔ་ད་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་འབད་རུང་ དོ་འགྲན་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་ཡོདཔ་ལས་ སྡེ་ཚན་ཅིག་གིས་ བཀག་རེག་རྐྱབ་ད་ གཞན་མི་སྡེ་ཚན་༢ ཀྱིས་ བཏོགས་བཏང་སྟེ་ རྩེད་འགྲན་དེ་ སྤྲོ་སྣང་ཅན་ཅིག་ལུ་ གྱུར་སོ་ཡི།
སྡེ་ཚན་གསུམ་གྱི་བར་ན་ ཕན་ཚུན་གྱི་ དོ་འགྲན་སྦོམ་འབད་བའི་བར་ན་ ཉིནམ་གཅིག་གི་ རླུང་རྟ་དར་རྒུད་ལུ་བརྟེན་ ད་རུང་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ སྐོར་ཐེངས་༩ པའི་ནང་ སྐུགས་༢ པ་དེ་ ཆོད་ད་ཡི།
སྤྲོ་བ་སྦོམ་བསྐྱེད་དེ་ ལྟདམོ་བལྟ་མི་ཚུ་གིས་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ སྐུགས་༢ ཆ་ར་ཆོད་དེ་ ཨང་དང་པའི་ རྒྱལ་ཁ་དེ་ སྡེ་ཚན་འདི་གིས་ ཐོབ་ནི་ལུ་ ཐེ་ཚོམ་མེད་ཟེར་ ལོ་རྒྱུས་རེ་ སླབ་སྦེ་སྡོདཔ་ཨིན་པས།
སྐོར་ཐེངས་༡༣ ཚུན་ལུ་ སྡེ་ཚན་གཞན་༢ ཀྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ་ལས་ གཡུས་རྒྱལ་དང་ ཌའི་གཱོན་རུཊ་སྡེ་ཚན་༢ ཀྱི་བར་ན་ ཨང་གཉིས་པ་དང་ གསུམ་པའི་དོན་ལུ་ པེ་ནཱལ་ཊི་ཤུཊ་ཨའུཊ་རྐྱབ་དགོ་ནི་བཟུམ་གྱི་ ཚོར་སྣང་བྱུང་ཡོད་རུང་ གཡུས་རྒྱལ་སྡེ་ཚན་གྱིས་ སྐོར་ཐེངས་༡༤ པའི་ནང་ སྐུགས་༡ ཆོད་ཡོདཔ་ཨིན།
སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བདེ་ཆེན་གཡང་འཛོམས་དབང་ཕྱུག་མཆོག་གིས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ གནང་ཡི།
ཨང་དང་པ་ཐོན་མི་ དཔལ་ལྡན་ཚོང་ལས་སྡེ་ཚན་ལུ་ གོ་ལ་འཁྱུ་ནིའི་འཕྲུལ་ཆས་རེ་དང་ ཨའི་པེཌ་གསརཔ་རེ་ ཨང་༢ པ་ གཡུས་རྒྱལ་སྡེ་ཚན་ལུ་ ཁྱེགས་སྒྲོམ་རེ་དང་ ཨའི་པེཌ་རྙིངམ་རེ་ དེ་ལས་ ཨང་༣ ཌའི་གཱོན་རུཊ་སྡེ་ཚན་ལུ་ ལེབ་ཀྲོབ་རེ་དང་ མའི་ཀོ་རོ་ཨོ་བཱན་རེ་ གནང་ཡོདཔ་ཨིན།
རྩེད་འགྲན་ཆུང་བ་ལས་ མཐའ་བཅད་ཚུན་ཚོད་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚེ་རིང་རྒྱལ་མཚན་གྱིས་ བཀག་རེག་མཐོ་ཤོས་ཕོག་ཡོདཔ་ལས་ མདའ་རྩེད་དྲག་ཤོས་ཀྱི་ གསོལ་རས་ དངུལ་ཀྲམ་༡༥,༠༠༠ ཐོབ་ཅི།
རྒྱལ་ཁབ་ནང་ ལིག་སྐོར་ཐེངས་རྩེད་འགྲན་འབདཝ་ད་ བཀག་རེག་མཐོ་ཤོས་ཕོག་མི་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚེ་དབང་རྡོ་རྗེ་ལུ་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་འབུམ་༢ དང་ ཨང་༢ པ་ བུ་ལུ་ པ་པི་ལྟ་བཤལ་དང་ ལ་བཤལ་སྡེ་ཚན་ལས་ འཇིགས་མེད་ནོར་བུ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ཨང་༣ པ་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚུལ་ཁྲིམས་ཕུན་ཚོགས་ལུ་ དངུལ་ཀྲམ་༡༧,༠༠༠ གནང་ཡི།
དབང་ཕྱུག་སྡེ་ཚན་ལས་ བསོད་ནམས་ཆོས་རྒྱལ་གྱིས་ སྐོར་ཐེངས་༡༥ འི་ནང་ བཀག་རེག་༡༧ ཕོག་སྟེ་ དྲག་ཤོས་ཀྱི་གསོལ་རས་དངུལ་ཀྲམ་༡༥,༠༠༠ དང་ སྲིད་ཅེ་སྡེ་ཚན་ལས་ ཆུ་ཞིང་རྡོ་རྗེ་ཕྱུག་ན་པ་གིས་ དོ་སྦྱེལ་༡༣ རྐྱབ་སྟེ་ མཐོ་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་༡༡,༠༠༠ དང་ སྒོར་ཐིག་གུ་བཀག་རེག་༡༤ ཕོག་མི་ དངོས་གྲུབ་རྡོ་རྗེ་གིས་ རེ་ཌེ་ཊར་ཧི་ཏར་གྱི་ གསོལ་རས་ཐོབ་ཅི།
དེ་བཟུམ་སྦེ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རྩེད་འགྲན་ཆུང་བ་ འགོ་བཙུགས་པའི་ཉིནམ་ལས་ མཐའ་བཅད་ཚུན་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ ལྟདམོ་བལྟ་བར་འོང་མི་ ཨ་རྒས་༩ ལུ་ གཡང་འཕེལ་མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠༠ རེ་བྱིན་མི་དེ་ཡང་ སྐུ་མགྲོན་གཙོ་མཆོག་གིས་ གནང་ཡི།
དུས་ཅི་ གཡང་འཕེལ་མདའ་རྩེད་ཐེངས་༡༦ པའི་ནང་ སྡེ་ཚན་༢༦༠ གིས་ བཅའ་མར་གཏོགས་ཡོདཔ་ད་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment