གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནད་དོན་གལ་ཅན་ཚུ་གི་གསུང་གྲོས་ མཐར་འཁྱོལ་བྱུང་ཡོདཔ།

༡༣/༡༠/༢༠༡༢   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདས་པའི་བདུན་ཕྲག་ནང་ ཨེ་མི་རི་ཀ་ ནིའུ་ཡོག་ལུ་བྱོན་མི་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་འབད་ནིའི་དོན་ལུ་རྐྱངམ་གཅིག་མེན་པར་ གཞན་ཡང་ གནད་དོན་གལ་ཅན་ ལེ་ཤ་ཅིག་གི་དོན་ལུ་ཨིན་ཟེར་ གསུངས་གནང་ཡི།


བློན་ཆེན་མཆོག་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ ལོག་འབྲུག་ལུ་ཕེབས་པའི་སྐབས་ གསུངས་མིའི་ནང་ གནད་དོན་གལ་ཅན་ཅིག་ སང་ཕོད་ སྤྱི་ཟླ་དང་པའི་ཚེས་༢༨ ལས་ སྤྱི་ཟླ་༢ པའི་ཚེས་༢ ཚུན་ འབྲུག་ལུ་སྦེ་ དགའ་སྐྱིད་དཔལ་འཛོམས་ལུ་གཞི་བཞག་སྟེ་ རྒྱལ་སྤྱིའི་ཡུན་བརྟན་དཔལ་འབྱོར་གོང་འཕེལ་ལམ་ལུགས་གསརཔ་ གཞི་བཀོད་ཀྱི་དོན་ལུ་ རྒྱལ་སྤྱིའི་མཁས་མཆོག་ཚོགས་ཆུང་གི་ ཞལ་འཛོམས་འཚོགས་ནི་ཨིན་མིའི་ སྔོན་འགྲོའི་གྲ་སྒྲིག་ཞལ་འཛོམས་དེ་ཡང་ ནིའུ་ཡོག་ལུ་སྦེ་ འཚོགས་ནི་གི་ གསུང་གྲོས་གནང་པར་ཨིན་ཟེར་ཨིན་པས།
རྒྱལ་སྤྱིའི་མཁས་མཆོག་ཞལ་འཛོམས་འཚོགས་ཞིནམ་ལས་ སྙན་ཞུ་དང་པ་དེ་ སང་ཕོད་ སྤྱི་ཟླ་༦ པའི་ནང་ འཛམ་གླིང་སྤྱི་ཚོགས་ལུ་ ཕུལ་དགོ་པའི་ཁར་ སྙན་ཞུ་༢ པ་དེ་ སྤྱི་ལོ་༢༠༡༤ གི་ ཟླཝ་༦ པའི་ནང་ ཕུལ་དགོཔ་ཨིན་ཟེར་ཨིན་པས།
སྔོན་འགྲོའི་གྲ་སྒྲིག་ཞལ་འཛོམས་ནང་ ཨེ་མི་རི་ཀའི་ ཉེ་འདབས་ལུ་ཡོད་མི་ རྒྱལ་སྤྱིའི་མཁས་མཆོག་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ འབྲེལ་གཏོགས་གནང་དགོ་པའི་ ཞུ་བ་འབདཝ་ད་ མཁས་མཆོག་དག་པ་ཅིག་གིས་མ་གཏོགས་ མི་བྱོནམ་འོང་ཟེར་ མནོ་ཡོད་རུང་ ཞལ་འཛོམས་དེ་ གལ་ཅན་ཅིག་ཨིནམ་ལས་ མཁས་མཆོག་༣༠ དེ་ཅིག་ འཛོམས་ཡོདཔ་ལས་ གྲུབ་འབྲས་ལེགས་ཤོམ་བྱུང་ཡི་ཟེར་གསུངས་ཡི།
དེ་མ་ཚད་ ལོ་བསྟར་སོ་ནམ་མཁས་མཆོག་གི་ ཞལ་འཛོམས་དེ་ཡང་ སང་ཕོད་ འབྲུག་ལུ་འཚོགས་ནི་གི་ གནང་བ་ཞུ་མི་དེ་ལུ་ ངོས་ལེན་ལེགས་ཤོམ་བྱུང་ཡོདཔ་ལས་ སོ་ནམ་མཁས་མཆོག་ཞལ་འཛོམས་དེ་ཡང་ འབྲུག་ལུ་ འགོ་འདྲེན་འཐབ་ནི་ཟེར་གསུངས་ཡི།
གནད་དོན་གཞན་ཡང་ སྤྱི་ལོ་༢༠༡༣ དང་༢༠༡༤ ལུ་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ཚོགས་སྡེའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ དང་འདོད་བཀོད་ཐོག་ལས་ གྲ་སྒྲིག་ཚུ་འབད་བའི་བསྒང་ཡོདཔ་མ་ཚད་ བཙག་འཐུའི་ཚོགས་རྒྱན་དེ་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ཨིནམ་ལས་ དེ་དང་འབྲེལ་བའི་ཕྱག་ལཱ་ གནང་དགོཔ་ཚུ་གི་དོན་ལུ་ཡང་ ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༡༩༩༩ ལུ་ འགོ་དང་པ་ སྤྱི་ལོ་༢༠༡༣ ལུ་ ཉེན་སྲུང་ཚོགས་སྡེའི་ འཐུས་མི་གི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་བསྐྱེད་པའི་སྐབས་ རྒྱལ་ཁབ་གཞན་ དང་འདོད་བསྐྱེད་མི་མེད་རུང་ ད་རེས་འབདཝ་ད་ ལྷོ་ཀོ་རི་ཡ་དང་ ཀེམ་བོ་ཌི་ཡ་གིས་ཡང་ དང་འདོད་བསྐྱེད་དེ་ དོ་འགྲན་འབདཝ་ལས་ འབྲུག་གིས་ འཐུས་མི་སྦེ་ བཙག་འཐུ་འགྲུབ་ནི་གི་ འོས་འབབ་ཅིག་ མ་མཐོང་རུང་ བཙག་འཐུའི་ནང་ དོ་འགྲན་འབད་མི་དེ་གིས་ འབྲུག་གི་དོན་ལུ་ རྒྱལ་ཁབ་གཞན་དང་མཐུན་ལམ་རྒྱ་བསྐྱེད་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཧེ་མ་ འབྲུག་དང་གཅིག་ཁར་ དོན་གཅོད་མཐུན་ལམ་ཡོད་མི་ རྒྱལ་ཁབ་༢༡ དེ་ཅིག་ཡོད་མི་དང་ཕྱདཔ་ད་ ད་རེས་ རྒྱལ་ཁབ་༤༦ དེ་ཅིག་དང་གཅིག་ཁར་ འབྲུག་གིས་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡི་ཟེར་ཨིན་པའི་ཁར་ འཛམ་གླིང་གི་ རྒྱལ་ཁབ་མང་ཤོས་ཅིག་གིས་ འབྲུག་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ ཡིད་ཆེས་དང་ ངལ་རངས་ཡོད་པའི་ རྒྱབ་སྐྱོར་འབད་མི་ཡང་ ལེ་ཤ་ར་ཐོན་ཡི་ཟེར་ཨིན་པས།
ད་རུང་ བློན་ཆེན་གྱིས་ གོང་འཕེལ་ཆུང་རིམ་རྒྱལ་ཁབ་ཚུ་གི་ ཞལ་འཛོམས་ནང་ཡང་ བཅའ་མར་གཏོགས་ཡོདཔ་མ་ཚད་ མི་འབོར་ས་ཡ་༡༠ མན་ཆད་འབད་མི་ རྒྱལ་ཁབ་ཆུང་ཀུ་༡༠༤ དེ་ཅིག་གི་ རྒྱལ་ཁབ་ཆུང་ཀུའི་ཚོགས་པ་ཅིག་ གཞི་བཙུགས་འབད་ཡོད་མི་དེ་གིས་ དུས་ཅི་ གཞི་བཙུགས་འབད་དེ་ ལོ་ངོ་༢༠ ལང་བའི་ དུས་སྟོན་བརྩི་སྲུང་ཨིནམ་ལས་ དེ་ནང་ཡང་ བློན་ཆེན་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ མགྲོན་བརྡ་ཞུ་ཡོདཔ་ལས་ དུས་སྟོན་དེ་ནང་ཡང་ འབྲེལ་གཏོགས་གནང་ཡི་ཟེར་གསུངས་ཡི།
དེ་མ་ཚད་ ནེ་པཱལ་གཞུང་གི་ ངོ་ཚབ་ཚུ་དང་ཡང་ མཇལ་ཕྲད་གནང་ཐོག་ལས་ སྐྱབས་བཅོལ་བ་ཚུ་དང་འབྲེལ་བའི་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ ནེ་པཱལ་ལས་ སྐྱབས་བཅོལ་བ་ཚུ་ གྲོགས་རམ་ཐོག་ ལེན་འབག་མི་ ཨེ་མི་རི་ཀ་གིས་གཙོས་པའི་ རྒྱལ་ཁབ་༨ ཀྱི་ སྐུ་ཚབ་ཚུ་དང་ཡང་ མཇལ་ཕྲད་གནང་ཡོདཔ་ད་ རྒྱལ་ཁབ་དེ་ཚུ་གིས་ ད་རུང་ ནེ་པཱལ་ལུ་ ལྷག་ལུས་ཡོད་པའི་ སྐྱབས་བཅོལ་བ་ཚུ་ཡང་ ཁོང་རའི་ དང་འདོད་དང་བསྟུན་ ལེན་ནི་གི་ ཁས་ལེན་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment