གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་མཆོག་འཁོར་ལོ་སྡོམ་པའི་དབང་གི་དོན་ལུ་ བཅའ་སྒྲིག་རྐྱབ་དོ་ཡོདཔ།

༡༣/༡༠/༢༠༡༢    ༉ དུས་ཅི་ རྒྱལ་ཁབ་ནང་ འགོ་དང་པ་གནང་ནི་ཨིན་མི་ དཔལ་སྡེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གྱི་དོན་ལུ་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ བཅའ་སྒྲིག་ཚུ་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ དབང་གནང་མི་ སྐྱབས་རྗེ་རྗེ་མཁན་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་བཞུགས་སའི་ དཀྱིལ་འཁོར་བཞེངས་པའི་བསྒང་ཡོདཔ་ད་ མི་༦༠ དེ་ཅིག་ཤོང་ཚད་ཀྱི་དཀྱིལ་འཁོར་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཞུགས་ཁྲི་དང་ མགྱོནམ་སྡོད་ས་ཡང་ བཟོ་ནི་ཨིན་མས།

བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་གནང་སའི་ས་གོ་ ཐང་བཟང་ནང་།


མ་དངུལ་ས་ཡ་༡.༥ དེ་ཅིག་གནས་མི་ དཀྱིལ་འཁོར་དེ་ རྫོང་ཁག་དང་ དབང་ཆེན་གྱི་དོན་ལུ་ ཞལ་འདེབས་ཕུལ་མི་ མ་དངུལ་གྱི་ཐོག་ལས་བཞེངས་ནི་ཨིནམ་ད་ ལཱ་ཚུ་རྫོང་ཁག་གིས་ འགོ་འདྲེན་འཐབ་ཐོག་ལས་འབད་ནི་ཟེར་ རྫོང་བདག་ ཀུན་བཟང་ཨེན་ཚེ་རིང་གིས་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དཀྱིལ་འཁོར་དེ་ གཏན་འཇགས་ཀྱི་དོན་ལུ་བཟོ་ནི་ཨིནམ་ལས་ ཤུལ་ལས་ཡང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ དེ་ཁར་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།
དབང་དེ་ སྤུ་ན་ཁ་རྫོང་གི་རྒྱབ་ཕྱོགས་ ཐང་བཟང་ནང་ལུ་ གནང་པའི་སྐབས་ དད་ཅན་གྱི་དབང་ཞུ་མི་ མི་གྲངས་༥༠,༠༠༠ དང་༦༠,༠༠༠ ཤོང་ཚུགས་པའི་ ཁྱིམ་རྐྱབ་ནིའི་དོན་ལུ་ རྫོང་ཁག་གི་རྒེད་འོག་༡༡ གི་མི་སེར་ཚུ་གིས་ ཙོག་ཕུར་བཏོན་ཐོག་ལས་ དབང་ཁང་དེ་ ཆུ་ཤོག་བཀབ་སྟེ་བཟོ་ནི་ཨིན་པས།
དཀྱིལ་འཁོར་དང་ དབང་ཁང་གི་ འཐུང་ཆུ་དེ་ ད་ལྟོ་ རྫོང་ནང་ལག་ལེན་འཐབ་མི་དེ་གིས་ ལང་མི་ཚུགས་ནི་ཨིནམ་ལས་ མོ་ཆུ་ནང་ ཆུ་དུང་བཙུགས་ཏེ་ འཐེན་ནི་ཨིན་པའི་ཁར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ལས་ ཆུ་བླུགས་མཛོད་ཊེངཀ་ཚུ་ལག་ལེན་འཐབ་ནི་ཨིན་པས།
དེ་ལས་ གཙང་སྦྲ་དང་ལྡནམ་སྦེ་བཞག་ཐབས་ལུ་ ས་གནས་ལེ་ཤ་ཅིག་ནང་ གནས་སྐབས་ཀྱི་ གསང་སྤྱོད་རྐྱབ་ནི་ཨིནམ་ད་ རྫོང་བདག་གིས་འབད་བ་ཅིན་ ཁོང་གི་ཚ་གྱང་སྦོམ་ཤོས་ར་ མི་ཚུ་གིས་ ཆབ་གསང་ག་ལྷོད་འབད་མི་དང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་མི་ཚུ་ཨིནམ་ལས་ ཐབས་ལབ་ཚུ་ བཏོན་དོ་ཟེར་ཨིན་པས།
དབང་གནང་བའི་སྐབས་ སྣུམ་འཁོར་དང་འབྲེལ་བའི་བྱ་སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ དབང་ཞུ་མི་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱསི་ཚུ་ཡང་ བཙུགས་ནི་ཨིནམ་ད་ མི་ཚུ་གིས་ ཞབས་ཏོག་དེ་ གླེ་སྐྱིད་ཐང་དང་ ཁུ་རུ་ཐང་ དེ་ལས་ འཛོམས་གླིང་ཐང་ཚུ་ནང་ལས་ ཐོབ་ཚུགས་ནི་ཨིནམ་ད་ བཤད་གྲྭ་དང་ གྲྭ་ཚང་ དེ་ལས་ དགོན་སྡེ་ཁག་ཚུ་ནང་ལས་ འོང་མི་ཚུ་ལུ་འབད་བ་ཅིན་ རྫོང་ཁག་གིས་ བཱསི་སོ་སོ་བཙུགས་ནི་ཨིན་ཟེར་ཨིན་པས།
ཞག་ཉལ་སའི་ཐད་ལུ་ལྷོདཔ་ད་ ཁུ་རུ་ཐང་ལུ་ ཉལ་ཁང་ཡོད་མི་ བཟའ་ཁང་༡༠ དེ་ཅིག་ ཡོད་མི་ཚུ་ག་ར་ ད་ལྟོ་ལས་ སྔོན་མངགས་འབད་ཚར་བའི་ཁར་ གཡུས་ཚན་ནང་ལས་ཕར་ཡོད་པའི་ ཁྱིམ་ཚུ་ཡང་ སྔོན་མངགས་འབད་ཡོདཔ་ལས་ མང་ཤོས་ཅིག་ ལྕང་ཡུལ་དང་ འཛོམས་གླིང་ཐང་གི་ ཨ་རིང་ཚུ་ནང་ལས་ཕར་ གུར་སྤུབ་སྟེ་ སྡོད་དགོཔ་འཐོན་ནི་མས་ཟེར་ཨིན་མས།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ ཚོགས་ཆུང་གིས་ དབང་ཞུ་མི་ཚུ་ལུ་ ཉིན་མའི་གསོལཝ་འདྲང་ནིའི་ འཆར་གཞི་ ཡོདཔ་ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་འབད་བ་ཅིན་ གསོལཝ་གི་ཚབ་སྦེ་ སྐམ་ཆ་འདྲང་པ་ཅིན་ ལེགས་ཤོམ་འོང་ནི་བཟུམ་འདུག་ཟེར་ བཀོད་མི་དེཡང་ བཞེས་སྒོ་འབད་ནིའི་དོན་ལུ་ དུས་རྒྱུན་ལཱ་འབད་མི་༥,༠༠༠ ལྷགཔ་ཅིག་ དགོ་པའི་ཁར་ མི་མང་རབས་ཅིག་ལུ་ གསོལཝ་དྲང་བའི་སྐབས་ གཙང་སྦྲ་ཡང་ བཏོན་མི་ཚུགས་ནི་མས་ཟེར་ཨིན་པས།
ཉིན་གྲངས་༡༥ གི་རིང་ གནང་ནི་ཨིན་མི་དབང་ཆེན་དེ་ རང་ཟླ་༡༡ པའི་ཚེས་༨ དང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་ནི་ཨིནམ་ད་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ དེ་བསྒང་ བདེ་མཆོག་དབང་གི་རིགས་དང་ གྲུབ་ཐོབ་བརྒྱད་ཅུ་ རྡོ་རྗེ་ཕག་མོ་ དེ་ལས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ དབང་རིགས་ཚུ་ག་ར་ གནང་ནི་ཟེར་ཨིན་པས།
བདེ་མཆོག་འཁོར་ལོ་སྡོམ་པ་དེ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཡི་དམ་ལྷ་ཚུ་གི་ གཙོ་བོ་ཅིག་ཨིནམ་མ་ཚད་ སྤུ་ན་ཁའི་ས་གནས་དེ་ བདེ་མཆོག་གི་ གནས་ཅིག་འབད་ནི་དེ་གིས་ བྱིན་རླབས་ཆེ་ཏོག་ཏོ་ཡོད་ཟེར་ཨིནམ་ད་ དབང་དེ་ གྲྭ་ཚང་ཚུ་ལུ་ ཧེ་མ་ལས་གནང་ཡོདཔ་ཨིན་རུང་ དུས་ཅི་ མི་མང་ལུ་ འགོ་དང་པ་ཨིན་པས།
དབང་གི་དོན་ལུ་ ཟད་འགྲོ་མ་དངུལ་ དུང་ཕྱུར་ལས་བཅད་དེ་ གནས་ནི་ཨིནམ་ད་ དབང་ཆེན་གནང་དགོ་པའི་སྐོར་ལས་ ཐིམ་ཕུ་ལུ་ཡོད་མི་ བླམ་ཕ་ཇོ་གིས་གཙོས་པའི་ མི་གྲངས་༩༠ དེ་ཅིག་གིས་ སྐྱབས་རྗེ་ལུ་ གསོལཝ་བཏབ་ཡོདཔ་བཞིན་དུ་ སྐྱབས་རྗེ་མཆོག་གིས་ ཞལ་གྱིས་བཞེས་ཡོད་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment