གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་མེད་ཐང་ལུ་ འགོ་དང་པ་ ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ ཁ་ཙ་གྲོལ་ཡོདཔ།

 དུས་ཅི་ལས་ གླིང་མེད་ཐང་ལྷ་ཁང་ནང་ ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ ལོ་བསྟར་བཞིན་དུ་ ཇི་སྲིད་སྐལ་པ་མ་སྟོང་གི་བར་དུ་ གནང་ཚུགས་པའི་ རེ་སྨོན་ཡོད་ཟེར་ གླིང་མེད་ཐང་ཚེས་བཅུ་ཚོགས་པའི་ དྲུང་ཆེན་གྱིས་ སླབ་ཨིན་པས།
ཚེས་བཅུ་གྲོལ་བའི་ཉིན་མར་ དད་ཅན་ཚུ་གིས་ 
གུ་རུ་མཚན་བརྒྱད་ཀྱི་ ཕྱག་དབང་ཞུ་བའི་བསྒང་།
 ༡༡/༡༠/༡༢། ༉ མོང་སྒར་ གླིང་མེད་ཐང་ལྷ་ཁང་ནང་ དུས་ཅི་ འགོ་དང་པ་ ཉིན་གྲངས་༣ གྱི་རིང་ ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ ཁ་ཙ་ གུ་རུ་མཚན་བརྒྱད་ཀྱི་ དབང་གནང་ཐོག་ལས་ གྲོལ་ཡོདཔ་ད་ དེ་བསྒང་ ཚེས་བཅུ་མཇལ་མི་ བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་གིས་ འགོ་འདྲེན་ཐོག་ལས་ མི་སེར་དང་ ཞི་གཡོགཔ་ དེ་ལས་ གླིང་མེད་ཐང་ཁྲོམ་ཁར་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ གླིང་མེད་ཐང་ཚེས་བཅུ་ཚོགས་པ་ གཞི་བཙུགས་འབད་མི་དེ་གིས་ ད་ལས་ཕར་ གླིང་མེད་ཐང་ལུ་ འདི་བཟུམ་མའི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཉིན་གྲངས་༣ གྱི་ ཚེས་བཅུ་དེ་ཡང་ ཀུར་སྟོད་ཡོ་གྲགས་སྤྲུལ་སྐུ་གིས་ དབུ་བཞུགས་ཐོག་ལས་ མོང་སྒར་བཀའ་དམ་དགོན་པའི་མཚམས་པ་ཞལ་གྲངས་༥༠ དེ་ཅིག་གིས་ གནང་ཡོདཔ་ཨིན་པས།
གླིང་མེད་ཐང་གི་ ཚེས་བཅུ་དེ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ ལུང་ཕྱོགས་གཞན་དང་མ་འདྲ་བའི་ བདུད་འཇོམས་གཏེར་འཆམ་ བྱིན་ཅན་ཚུ་ མི་མང་ལུ་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
ཚེས་བཅུ་ཚོགས་པའི་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ དེ་བཟུམ་མའི་ བྱིན་རླབས་ཅན་གྱི་ གཏེར་འཆམ་ཚུ་ ཚེ་ད་རེས་ ང་བཅས་ར་ མཇལ་བ་ཙམ་གྱིས་ ངན་སོང་གསུམ་ལས་འགྲོལ་ཏེ་ གནས་སྐབས་ལྷ་དང་མིའི་བདེ་བ་དང་ ཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་ འགོ་འཕང་འཐོབ་ཚུགས་པའི་ ནུས་པ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ རྒྱལ་ཁབ་ནང་ ནད་མུ་འཁྲུག་རྩོད་ཚུ་མེད་པར་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ཨིནམ་ལས་ ཚེས་བཅུ་དེ་ ཇི་སྲིད་སྐལ་པ་མ་སྟོང་གི་བར་དུ་ ལོ་བསྟར་བཞིན་དུ་ གནང་ཚུགས་པའི་ སྨོན་ལམ་ཡོད་ཟེར་ ཚོགས་པའི་དྲུང་ཆེན་གྱིས་ སླབ་ཨིན་པས།
ཚེས་བཅུའི་སྐུ་འཆམ་ཚུ་ཡང་ བེེ་ཙརྱའི་འཆམ་དང་ ས་གདུལ་གྲོ་ལོད་འཆམ་ ཁྲོ་བོ་བཅུ་མཚམས་གཅོད་འཆམ་ བྱིན་འབེབ་འཆམ་ ལིང་ཁྱེར་འཆམ་ ཚོགས་ལེན་འཆམ་ འབྲོང་གི་འཆམ་ ཞྭ་ནག་རྔ་འཆམ་ དཔའ་བོ་དང་ ཉི་ལོག་གི་འཆམ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ འབྲོང་གི་གར་འཆམ་ གིང་གསར་འཆམ་ དུར་བདག་འཆམ་ སྨིན་གླིང་ཞྭ་ནག་གི་འཆམ་ལ་སོགས་པའི་ སྐུ་འཆམ་གཞན་ཡང་ ལེ་ཤ་ཅིག་ར་ མཇལ་ཁ་གནང་ཡོདཔ་ཨིན་པས།
ཉིན་གྲངས་༣ གྱི་རིང་ ཚེས་བཅུ་མཇལ་བར་འོང་མི་ རྒྱལ་པོའི་ཞིང་ཁྲོམ་ལས་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ འདི་བཟུམ་མའི་ སྐུ་འཆམ་ཚུ་ རྫོང་གཞི་དང་ ལྷ་ཁང་དགོན་སྡེ་གཞན་ཚུ་ནང་ གནང་སྲོལ་མེདཔ་ལས་ དུས་ཅི་ གླིང་མེད་ཐང་ལྷ་ཁང་ནང་ བྱིན་རླབས་ཅན་གྱི་ སྐུ་འཆམ་དེ་ཚུ་ མཇལ་ཁ་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ ག་ཅི་དེ་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ སང་ཕོད་ལས་འབད་རུང་ གླིང་མེད་ཐང་གི་ཚེས་བཅུ་དེ་ བར་ཆད་མེད་པར་ མཇལ་ཚུགས་པའི་སྨོན་ལམ་བཏབ་ཅི་ཟེར་ཨིན་པས།
དུས་ཅི་ལས་ ས་གནས་དེ་ཁར་ དེ་བཟུམ་གྱི་ཚེས་བཅུ་ འགོ་བཙུགས་མི་ལུ་བརྟེན་ ས་གནས་དེ་ཁར་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ཚུ་གིས་མ་ཚད་ རྒྱལ་པོའི་ཞིང་དང་ མོང་སྒར་ཁྲོམ་ལས་ ཚེས་བཅུ་མཇལ་བར་ལྷོད་མི་ཚུ་ཡང་ ཚེས་བཅུའི་སྐུ་འཆམ་ཚུ་ ག་ཅི་དེ་ཧ་ལས་སི་སི་སྦེ་ གནང་མི་ལུ་བརྟེན་ བསམ་པ་རྫོགས་ཡོདཔ་ཨིན་པས།
ཉིན་གྲངས་༣ ཀྱི་ ཚེས་བཅུའི་སྐབས་ལུ་ རང་སོའི་ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ སྦྱིན་བདག་ཚུ་གིས་ཡང་ མི་མང་ལུ་ གསོལ་ཚོགས་དྲངས་ཡོདཔ་ད་ ད་ལས་ཕར་འབད་རུང་ གླིང་མེད་ཐང་ཚེས་བཅུ་དེ་ ཇི་སྲིད་སྐལ་པ་མ་སྟོང་གི་བར་དུ་ གནས་ཚུགས་ཐབས་ལུ་ ཚོགས་པའི་མ་དངུལ་ཡང་ དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ ཚེས་བཅུའི་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment