གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁོ་མང་ལུ་ ཨྱོན་གུ་རུའི་གནས་ཁྱད་པར་ཅན་ གསང་བའི་ཟླ་དྲུག།

གསང་བའི་ཟླ་དྲུག་གནས།
 ༡༡/༡༠/༡༢། ༉ ལྷུན་རྩེ་རྫོང་ཁག་ མཁོ་མང་གཡུས་ཚན་གྱི་ལྟག་ལུ་ཡོད་མི་ གསང་བའི་ཟླ་དྲུག་ཟེར་བའི་གནས་དེ་ ཨྱོན་གུ་རུའི་གནས་ཁྱད་པར་ཅན་ཅིག་ཨིནམ་ལས་ རང་སོའི་ལས་ངན་སྡིག་སྒྲིབ་ལ་སོགས་པ་ཚུ་ དག་ཐབས་འབད་ནིའི་དོན་ལུ་ ད་རེས་ནངས་པ་ དད་ཅན་སྐྱ་སེར་ཕོ་མོ་ཚུ་གིས་ མཇལ་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ ཡོངས་གྲགས་ལུ་ གནས་དེ་གི་མིང་ སངས་རྒྱས་ལོ་དྲུག་དང་ སངས་རྒྱས་བློ་གྲོས་ཟེར་ཡང་ སླབ་དོ་ཡོདཔ་ད་ གནས་དེ་ ཀུར་སྟོད་མཁོ་མང་གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་གི་ས་གནས་ མཁོ་མང་གཡུས་ཚན་ལས་ མཇལ་ཚུགསཔ་ཨིན་པས།

གནས་དེ་ རྩ་ཅན་ཅིག་ཨིན་དགོ་མི་དེ་ ཨྱོན་རིན་པོ་ཆེ་མཆོག་ ཀུར་སྟོད་སེང་གེ་རྫོང་གི་ བྱག་ཅིག་གི་རྩ་བར་ སྐུ་མཚམས་གནང་བཞུགས་པའི་སྐབས་ མཚོ་དཀར་དང་ མཚོ་གནག་གི་ གནས་བདག་ཚུ་གིས་ གུ་རུ་ལུ་ སངས་རྒྱས་ཀྱི་བསྟན་པ་ སྲུང་བའི་ཁས་བླངས་དམ་བཅའ་ཕུལ་ཡོད་རུང་ ཤུལ་ལས་ མཚོ་གནག་གི་གནས་བདག་ དྲག་པ་རྒྱལ་མཚན་ཟེར་མི་དེ་གིས་ ཁས་བླངས་དམ་བཅའ་གནང་མི་ལུ་མ་གནས་པར་ སྦུལ་སྦོམ་ཅིག་ལུ་སྤྲུལ་ཏེ་ སོང་བའི་ཤུལ་བདའ་སྟེ་ འོང་བའི་ཆུ་དེ་ ད་རེས་ མཁོ་མང་ཆུ་ཟེར་མི་དེ་ཨིན་ཟེར་ སེང་གེ་རྣམ་རྒྱལ་གྱིས་ སླབ་ཨིན་པས།
དེ་ལས་ བདུད་དེ་གིས་ གཡག་གནགཔོ་ཅིག་གུ་བཞོན་ཏེ་ ད་རེས་ནངས་པ་ ས་གནས་གསུམ་པ་ཟེར་སར་སོང་ཡོདཔ་ གུ་རུ་གིས་མཁྱེན་ཏེ་ བདུད་ལས་ཡང་མགྱོགས་སུ་སྦེ་ གུ་རུ་གིས་བྱོན་ཏེ་ ས་གནས་དེ་ཁར་ བསྒུགས་བཞུགས་པའི་སྐབས་ ད་རུང་ བདུད་དེ་གིས་ མཁོ་མང་གཡུས་ཚན་མཇུག་གི་ཆུ་ནང་ གཡིབ་སྡོད་ཡོདཔ་ཨིན་པས།
གུ་རུ་གིས་ ཐུགས་བསམ་ལུ་ དེ་བཟུམ་གྱི་ བདུད་ངན་པ་མ་བཏུལ་བ་ཅིན་ མ་འོངས་པར་ འགྲོ་བ་སེམས་ཅན་ཚུ་ལུ་ གནོདཔ་བཀལ་ནི་ཨིནམ་མཁྱེན་ཏེ་ གུ་རུ་ཁོ་ར་ མཁོ་མང་གཡུས་ཚན་གྱི་ལྟག་ལུ་ ཡོངས་གྲགས་ལུ་ སངས་རྒྱས་ལོ་དྲུག་ཟེར་ སླབ་སྲོལ་ཡོད་པའི་ བྱག་ཕུག་ནང་ ཟླཝ་༦ གི་རིང་ གསང་བའི་ཐོག་ལས་ སྐུ་མཚམས་གནང་བཞུགས་ཡོདཔ་ལས་ སྤྱིར་བཏང་ལུ་ གནས་ཀྱི་མིང་དེ་ གསང་བའི་ཟླ་༦ ཟེར་མི་དེ་ ད་རེས་ནངས་པ་ ཟུར་ཉམས་ཏེ་ སངས་རྒྱས་ལོ་དྲུག་ཟེར་ སླབ་དོ་ཡོདཔ་ཨིན་པས།
གསང་བའི་ཟླ་དྲུག་གི་སྒྲུབ་ཕུག་འོག་ལུ་ཡོད་མི་ གུ་རུ་རིན་པོ་ཆེ་གི་ སྒྲུབ་ཕུག་དང་ གུ་རུའི་དབུ་དང་ ཕྱག་གཡས་གཡོན་གྱི་ ཕྱག་རྗེས་ ཨྱོན་གུ་རུ་རིན་པོ་ཆེ་ ཚེ་སྒྲུབ་གནང་སྟེ་ ཚེ་དར་གཡུག་པའི་སྐབས་ལུ་ བྱག་གི་གུ་ལུ་ཐོགས་ཏེ་མ་བདེཝ་ལས་ དབུ་དང་ཕྱག་གཉིས་ཀྱིས་ བཏེགས་ཏེ་ཡར་འཐུ་བའི་སྐབས་ དབུ་དང་ཕྱག་གཉིས་ཀྱི་རྗེས་ཡང་ ལྷ་ཁང་གི་འོག་ཐོག་ལུ་ རྡོ་རང་བྱོན་གྱི་བྱག་ཕུག་ནང་ ཡ་མཚན་ཆེ་ཏོག་ཏེ་སྦེ་ མཇལ་ནི་ཡོདཔ་ཨིན་པས།
རྣམ་ཐོས་སྲས་ཀྱི་བང་མཛོད་ གཏེར་ལུ་སྦ་མི་དང་ རྡོའི་གུ་ཨ་རང་བྱོན་ མཁའ་འགྲོའི་རྩང་ལྷམ་རང་བྱོན་ བྱ་ཁྱུང་དམ་ལུ་བཏགས་པའི་རྡོ་ གསང་ཡི་གེ་དྲུག་མ་ རྡོ་འདི་ལུ་ རང་གི་དགེ་སྡིག་ལྗིད་ཚད་ཚུ་ འཇལ་བའི་ཚུལ་སྦེ་ སྨོན་འདེབས་རྐྱབ་པ་ཅིན་ ཤུལ་ལས་ རང་ཤི་བའི་སྐབས་ལུ་ ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལུ་ ལས་དགེ་སྡིག་དཀར་ནག་གི་དབྱེ་བ་ཕྱེ་མ་དགོཔ་ཨིན་ཟེར་ བཤད་སྲོལ་ཡོདཔ་ཨིན་པས།
གུ་རུའི་རྡོ་རྗེ་རང་བྱོན་དང་ མཁའ་འགྲོ་མའི་ བྷ་ག་རང་བྱོན་ཚུ་ཡང་ཡོདཔ་ལས་ དད་ཅན་སྐྱེ་བོ་ཕོ་མོ་ག་ར་འབད་རུང་ ཨ་ལུ་མ་འོང་པ་ཅིན་ གུ་རུ་རིན་པོ་ཆེའི་རྡོ་རྗེ་རང་བྱོན་དེ་ལུ་ གསོལཝ་བཏབ་སྟེ་ བུའི་དངོས་གྲུབ་ཞུ་ནི་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ བྷ་ག་ལུ་གསོལཝ་བཏབ་སྟེ་ བུམོ་གི་དངོས་གྲུབ་ཚུ་ ཞུ་ནི་ ཡོདཔ་ཨིན་པས།
སྦུལ་གྱི་དབང་རིལ་རང་བྱོན་ གུ་རུའི་ཚེ་གཏོར་ གུ་རུའི་ཆིབས་ རྟ་མཆོག་བྷ་ལ་ཧའི་རྗེས་རང་བྱོན་ལ་སོགས་པའི་ ནང་རྟེན་མང་རབས་ཅིག་ མ་འོངས་སེམས་ཅན་ཚུ་གི་དོན་ལུ་ མཇལ་བ་ཙམ་གྱིས་ ལས་ངན་སྡིག་སྒྲིབ་ཚུ་ དག་ནིའི་དོན་ལུ་ བྱིན་གྱི་བརླབས་གནང་པའི་ གཏེར་གྱི་ནང་རྟེན་ མང་རབས་ཅིག་ ཡོདཔ་ཨིན་པས།
གནས་བཤདཔ་གིས་ སླབ་མིའི་ནང་ གནས་དེ་ དུས་རབས་༨ པའི་སྐབས་ལུ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྐུ་དངོས་སུ་སྦེ་ ཞབས་ཀྱིས་བཅགས་གནང་བའི་མཛད་རྣམ་ཚུ་ ང་བཅས་ཀྱིས་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ནི་ཡོདཔ་ད་ དེ་ཡང་ གསང་བའི་ཟླ་དྲུག་གི་གནས་དེ་ མགོ་སེང་གེ་རྫོང་ལས་ མཇུག་མཁོ་མང་གནས་ཀྱིས་བསྡུཝ་ཨིན་ཟེར་ ཨིན་པའི་གནས་ཚུལ། 


བདེ་ཆེན་ཚེ་རིང་།

No comments:

Post a Comment